[A:༡༡༢ན]བཞུགས་ཤིང་། ཆོས་འཆད་པ་སོགས་ཀྱང་དེའི་རིང་ནས་མཛད་དོ། །དེར་ཉན་ཆེན་པའི་ལུང་བསྟན་བཞིན། ཞེ་གསུམ་པའི་ཚེ་སྐུ་ཁམས་ཅུང་ཟད་དུབ་པ་ན། ས་སྐྱ་པ་ཆེན་པོ་བྱོན་ནས། ལམ་དུ་དམ་ཚིག་དང་སྡོམ་པ་ལ་ནན་ཏན་དུ་གྱིས། འབད་རྩོལ་མི་དགོས་པར་འཆི་བའི་དུས་སུ་གྲུབ་མཐའ་བསྙོགས་པར་འགྱུར་རོ་ཞེས་ལུང་བསྟན། དགུང་ལོ་བདུན་ཅུ་པའི་ཚེ་ཅུང་ཟད་སྙུང་བ་ན། བདེ་ཀྱེ་གཉིས་དང་སྟོན་པ་སོགས་ཡི་དམ་མང་པོས་ཞལ་བསྟན། བླ་མ་བརྒྱུད་པ་དག་ཀྱང་བྱོན་ནས་ལུང་བསྟན། སྐབས་ཤིག་རྣམ་རྒྱལ་གྱི་ཞལ་བསྟན་ནས། སེམས་ཅན་གྱི་དོན་ལ་བསྙེལ་བར་མ་གྱུར་ཏམ་ཞེས་དབུགས་དབྱུང་། ཡང་བདུད་རྩི་རིལ་བུའི་སྒྲུབ་པ་ལན་གཉིས་མཛད་པའི་ཕྱི་མ་ལ། ས་སྐྱ་པ་ཆེན་པོ་བྱོན་ནས་འདི་མྱུར་དུ་སྒྲུབས། མ་བསྒྲུབས་ན་འདིའི་བཀའ་ཆད་པ་འདུག་གོ་གསུངས་པའི་ལུང་བསྟན་མཛད་དོ། །མདོར་ན་བསྐྱེད་རིམ་ལ་བརྟན་པ་ཐོབ་ཡི་དམ་གྱི་ལྷ་མང་པོའི་ཞལ་གཟིགས། མངོན་པར་ཤེས་པ་ཐོགས་མེད་མངའ་བ་སྟེ། དེ་ཡང་འཇམ་དབྱངས་དོན་ཡོད་རྒྱལ་མཚན་རྗེ་འདིའི་དྲུང་དུ་ཟབ་ཆོས་གསན་པར་ཕེབས་པའི་ཚེ། བླ་མ་འདིའི་གསུང་ལས། དེ་རིང་སྐྱེས་བུ་དམ་པ་ཞིག་འོང་བར་ངེས། ཆོས་སྐྱོང་རྣམས་ལམ་ཆག་པ་དང་མཆོད་པ་བཤོམ་པ་སོགས་མཛད་ཀྱིན་འདུག་གསུངས་པ་དང་མི་རིང་བར་བདག་ཆེན་དེ་བྱོན་ནས། འཇམ་དབྱངས་དོན་ཡོད་རྒྱལ་མཚན་ཞིང་གཞན་དུ་གཤེགས་པའི་ཚེ། རྗེ་འདིའི་དྲུང་དུ་བཞི་པའི་ལམ་ཞིག་སྟོན་པ་ཞུ་བ་ལ་འབྱོན་པ་མཁྱེན་ནས། ནམ་གུང་ཀ་རྗེ་