[A:༡༡༤ན]ཡོན་ཁྱོད་ལའང་ཡོང་གསུངས་པས། དེ་ཁོང་གི་སེམས་ལ་ཤིན་ཏུ་འབབ་པ་ཞིག་བྱུང་སྟེ། རྗེ་མ་གཤེགས་ཀྱི་བར་ཉེར་མཁོའི་ཞབས་ཏོག་པ་བྱས། ཆོས་རྗེ་ལ་བསྐུ་མཉེ་ཕུལ་དུས། དྲུང་གི་སྐུ་སྐྱེད་འདི་གཞན་པས་ཐུང་བ་ཞིག་གདའ་ཞུས་པས། དེ་ཀ་ཉིད་ཀྱིས་བརྐུས་པ་ཡིན་མོད་གསུངས་ཞལ་འཛུམ་འཛུམ་མཛད། བདེ་བར་གཤེགས་ནས་སྤུར་བཞུ་བའི་ཚེ། ཁོང་གིས་མེ་འབར་བ་ཅུང་ཟད་ཞི་དུས་གཞན་གྱིས་མི་མཐོང་བའི་སྐབས། དད་པས་སྤུར་ཁང་ནས་མར་ལག་པ་བཏང་པས། དབུ་ཐོད་བྱིན་པོ་ལག་ཏུ་བྱུང་པས་མི་ཐེ་བ་སྐད་བྱས་ཁྱེར་དབེན་པ་ཞིག་ཏུ་བལྟས་པ་དེའི་དབུས་ན་ཀྱེ་རྡོར། གཡས་ན་འཇིགས་བྱེད། གཡོན་ན་བདེ་མཆོག་རྣམས་བྱོན་འདུག་པས་ཤིན་ཏུ་དགའ་སྟེ་སུས་ཀྱང་མ་ཤེས་པ་བྱས་ཀྱང་། ཕྱིས་སྤུར་ཁང་ཞལ་ཕྱེ་དུས་དབུ་ཐོད་ཇི་བཞིན་མ་ཚང་བས་ཁོང་ལ་ཀུན་དོགས་ནའང་། སྔར་གྱི་ཞབས་ཏོག་པ་མཐིལ་མ་ཡིན་པ་དང་། དབུ་ཐོད་སོགས་ལྷག་མ་དག་ལ་རྡོ་རྗེ་རྣལ་འབྱོར་མ་སོགས་སྐུ་དང་རིང་བསྲེལ་གཞན་ཡང་མང་དུ་བྱུང་བས། རྩད་མ་བཅད་པར་ཁོང་རང་ལ་བྱུང་སྟེ་ཕྱིས་ནང་རྟེན་ཞིག་བཞེངས་པའི་གཟུངས་སུ་ཕུལ་ལོ། །དེ་ལྟ་བུའི་རྒྱལ་བ་བྲག་ཕུག་པ་ཆེན་པོ་དེ་དགུང་ལོ་བདུན་ཅུ་དོན་བཞི་པའི་ཟླ་བ་ལྔ་པའི་དུས་ཅུང་ཟད་སྙུང་བའི་ཚུལ་བསྟན་པ་ན། དེར་འཁོར་སློབ་དག་གིས་ད་དུང་ཡུན་རིང་བཞུགས་པའི་ཞུ་བ་ཕུལ་བས། སྤྱན་རས་གཟིགས་ཀྱི་ལུང་བསྟན་ལའང་ལོ་བརྒྱད་ཅུ་གྱ་བརྒྱད་ཡོད་པས། ད་དུང་ལོ་གཅིག་གཉིས་