R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༡༤བ
[A:༡༡༤བ]སྡོད་དབང་ཡོད་དེ། ད་དུས་བསྐལ་ཀྱང་ཅི་རིགས་ཡོང་། སེམས་ཅན་གྱི་བདེ་སྐྱིད་ཀྱང་འདི་ལྟར་འབྱུང་སོགས་དང་། ཞང་པའི་ནང་རྟེན་འདི་ཡང་ས་སྐྱའི་དབུ་རྩེ་རྙིང་མར་སྐྱོལ། ཁྱེད་རང་དག་ཀྱང་གང་ཐུགས་དམ་འཕེལ་སར་བྱོན་གསུངས་པ་སོགས་ལུང་བསྟན་དང་ཞལ་ལྟ་མང་དུ་མཛད་དོ། །དེའི་སྐབས་ཤིག་རྣམ་རྒྱལ་ལྷ་དགུ་ཞལ་གཟིགས་ཏེ། གཙོ་བོས། ད་ཁྱོད་ཀྱི་ཚེ་དང་གདུལ་བྱའི་ཚད་ཀྱང་དེ་ཙམ་ཡིན་པས། བདེ་བ་ཅན་དུ་འགྲོ་བའི་དུས་ལ་བབ་ཞེས་གསུངས་པའི་ལུང་བསྟན་བྱུང་བ་བཞིན། ལོ་དེའི་ཟླ་བ་དྲུག་པའི་ཉེར་བརྒྱད་ཀྱི་ཆ་ལ་ཞིང་ཁམས་ཀྱི་མཆོག་བདེ་བ་ཅན་དུ་གཤེགས་པ་ཡིན་ནོ། །དེ་ལྟ་བུའི་བྲག་ཕུག་པ་ཆེན་པོ་དེ་ལ་སློབ་མ་བསམ་གྱིས་མི་ཁྱབ་པ་ཞིག་བྱོན་ཀྱང་། རྒྱུད་འཛིན་གྱི་གཙོ་བོ་ནི་དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་ཏེ། འདི་ནི་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་སུམ་སྟོང་བཞི་བརྒྱ་དང་ཞེ་ལྔ་ལོན་པའི་ཚེ་བལྟམས། དགུང་ལོ་གསུམ་པ་ལ་བླ་མ་བཟང་པོ་དཔལ་ལ་འཇམ་དབྱངས་ཀྱི་ལུང་ནོད་ནས་བསྙེན་པ་མཛད་པས་ཐོགས་མེད་ཀྱི་སྤོབས་པ་བརྙེས། བཅུ་གཅིག་པའི་ཚེ་ཏི་ཤྲཱི་ཀུན་དགའ་བློ་གྲོས་ལ་དགེ་བསྙེན་ཞུས། བཅུ་བདུན་པ་ལ་མཁན་ཆེན་བསོད་ནམས་གྲགས་པ་སོགས་ལས་རབ་ཏུ་བྱུང་། ཉི་ཤུ་པ་ལ་བོ་དོང་དུ་བསྙེན་པར་རྫོགས་པར་མཛད། ཡོངས་འཛིན་དམ་པ་དཔང་ལོ། བུ་སྟོན། ལོ་ཆེན་བྱང་རྩེ། རྒྱལ་སྲས་ཐོགས་མེད་པ། ངམ་པ་བྲག་ཕུག་པ། བྲག་ཕུག་པ་བསོད་ནམས་དཔལ། མཁན་ཆེན་བསོད་ནམས་བཟང་པོ། བླ་མ་དཔལ་ལྡན་སེང་གེ་སོགས་ལས་