R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༡༥ན
[A:༡༡༥ན]མདོ་རྒྱུད་ཀྱི་ཟབ་དོན་བླངས། འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་བསྟན་པའི་རིང་ལུགས་ལེགས་པར་བཟུང་། དབུས་གཙང་གཉིས་སུ་འདུས་པ་ཆེན་པོ་རྣམ་པ་གཉིས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར། རྗེ་བཙུན་གོང་མ་ལྔའི་བཀའ་བསྡུ་བ་མཛད་དེ། བསྟན་པ་རིན་པོ་ཆེ་མཆོག་ཏུ་གསལ་བར་མཛད་དོ། །དེ་ཡང་རེ་གཅིག་པ་བྱི་བའི་ལོ་བོ་དོང་ཨེའི་ཆོས་གྲྭ་ཆེན་པོར་གཙང་ཕྱོགས་ཀྱི་དགེ་འདུན་སྟོང་ཕྲག་བཞི་བཅུ་དང་། རེ་གཉིས་པ་གླང་གི་ལོ་བསམ་ཡས་སུ་དབུས་ཀྱི་ཕྱོགས་ཀྱི་དགེ་འདུན་སྟོང་ཕྲག་ཉི་ཤུ་ལ་གསེར་དངུལ་གོས་དར་ལ་སོགས་པའི་ཞོ་འགྱེད་དང་འབྲེལ་བའི་གཏམ་གྱི་དགའ་སྟོན་ཆེན་པོ་སྤེལ། སྙེ་ཐང་དུ་དུས་ཀྱི་འཁོར་ལོ་འཆད་པའི་ཚེ་དཔེ་འགྲེམས་དོན་གཉེར་དང་ལྡན་པ་ལྔ་བརྒྱ་ལྷག་ཙམ་འདུས་པ་ལ་བསྟན་པའི་བྱ་བ་རྒྱ་ཆེན་པོ་མཛད་དེ། འདི་ཉིད་ཀྱི་བཀའ་འབུམ་ལ་ཡང་པོ་ཏི་ཉི་ཤུ་རྩ་ལྔ་བཞུགས་པས་ལུང་གི་ཡོན་ཏན་ས་པཎ་དང་མཉམ། རྟོགས་པའི་ཡོན་ཏན་ཀྱང་ཏིང་ངེ་འཛིན་ལ་བརྟན་པ་ཐོབ་མངོན་པར་ཤེས་པ་ལ་ཐོགས་པ་མེད་དེ། དད་པ་ཅན་སྟོད་ལུང་པ་ཤེས་རབ་རྡོ་རྗེས་འཇམ་པའི་དབྱངས་དངོས་སུ་མཐོང་། རང་གི་སོར་མོ་བཅད་མཎྜལ་དུ་བཀོད་ནས་ཕུལ། ཤུལ་ལ་ལྗགས་ཆབ་བཏབ་བྱིན་རླབས་མཛད་པས་རྗེས་མེད་པར་གསོས། སློབ་མ་ཞིག་ཕྱོགས་ལ་འགྲོ་བའི་བྱིན་རླབས་ཞུས་པས། ལེགས་པོ་འོངས་ལྷག་པའི་ལྷ་དང་མཇལ་བ་འདུག་གསུངས། ཕྱིན་པས་འཁོར་ལོ་བདེ་མཆོག་ཞལ་མཐོང་། གཞན་ཡང་འམ་བུ་ལ་མཚན་མོ་འོད་གསལ་གྱི་སྣང་བ་ཟླ་བ་ཤར་བའི་