R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༡༥བ
[A:༡༡༥བ]སྣང་བ་ཙམ་རྒྱུན་དུ་ཡོད་གསུངས་པ་དང་། ཐོ་རངས་ཤིག་བུ་སྟོན་རིན་པོ་ཆེ་བཞུགས་པའི་ས་ཞིག་ན། རྡོ་རྗེ་རྣལ་འབྱོར་མ་ཡིན་ནམ་སྙམ་པ་ཞིག་འདུག་པས། བུ་སྟོན་རིན་པོ་ཆེའི་ཞལ་ནས་འདི་མཁའ་སྤྱོད་ཡིན་གསུངས་པའི་སྣང་བ་ཞིག་བྱུང་གསུངས། ཉིན་ཞིག་ཕྱག་མཛུབ་ཀྱི་ཚིགས་ལ་ཚོད་མཛད། འདི་ཁ་ཙམ་གྱི་དེ་བཞིན་གཤེགས་པ་མང་པོ་ཞིག་གིས་ནམ་མཁའི་ཁམས་གང་འདུག་གསུངས་པ་སོགས་དག་པའི་གཟིགས་སྣང་ཡང་བགྲང་བ་ལས་འདས། དགུང་ལོ་རེ་བཞི་པ་ཤིང་མོ་ཡོས་ཀྱི་ལོ་ཟླ་བ་དྲུག་པའི་ཉི་ཤུ་ལྔའི་ཉིན་དགའ་ལྡན་དུ་གཤེགས་སོ། །ཆོས་རྗེ་འདི་ལ་སློབ་མའི་མཆོག་སྔགས་ཀྱི་རྒྱལ་ཚབ་ཆེན་པོ་གཉིས། གསུང་ངག་འཛིན་པའི་ཐུགས་སྲས་བརྒྱད། བསྟན་འཛིན་གྱི་སྐྱེས་བུ་ཆེན་པོ་བཞི། ཡོངས་སུ་གྲགས་པའི་མཁས་མཆོག་བཅུ་ལ་སོགས་པ་རབ་ཏུ་མང་བ་ཞིག་བྱོན་པ་ལས། ཆོས་འདིའི་རྒྱུད་པ་འཛིན་པ་ནི་བླ་མ་དཔལ་ལྡན་ཚུལ་ཁྲིམས་པ་སྟེ། འཁྲུངས་ཡུལ་འགྲིག་འཚམས། དགེ་འདུན་སྒང་གི་མཁན་པོ་དོན་གྲུབ་དཔལ་ལས་རབ་ཏུ་བྱུང་། མདོ་རྩ་སོགས་གསན། གཞན་ཡང་བླ་མ་སོ་སོ་ལ་དབང་གི་རིམ་པ། གཞུང་གི་བཤད་པ། མན་ངག་གི་སྐོར། ལུང་གི་རྒྱུན་སོགས་བསམ་གྱིས་མི་ཁྱབ་པ་གསན། ཁྱད་པར་རི་ཁྲོད་པ་དང་། ཆོས་རྗེ་བླ་མ་གཉིས་ལ་འཁོར་ལོ་བདེ་མཆོག་སྐོར་དང་། ཀྱཻ་རྡོར་སྐོར་སོགས་ཟབ་གནད་ཀྱི་བདུད་རྩི་བླངས། ཆོས་རྗེ་བླ་མ་ལ་མཁན་པོ་ཞུས་ཏེ་བསྙེན་པར་རྫོགས། ལོ་བཅུ་དྲུག་གི་བར་དུ་ཕྱག་ཕྱིར་བཞུགས་མཉེས་པ་