R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༡༦ན
[A:༡༡༦ན]གསུམ་གྱིས་མཉེས་པར་མཛད་དེ། ཆོས་རྗེར་མངའ་བའི་ཆོས་ཚུལ་ཀུན་བུམ་པ་གང་བྱོར་གསན། ལོ་མང་པོའི་བར་དུ་སྒྲུབ་པ་སྙིང་པོར་མཛད་པས། རྟོགས་པའི་ཡོན་ཏན་མཐའ་ཡས། ཟབ་རྒྱས་དམ་པའི་ཆོས་ཀྱི་འཁོར་ལོ་རྒྱུན་མི་ཆད་པར་བསྐོར་བས་སློབ་མའི་མཆོག་ཤིན་ཏུ་མང་ཡང་། བཤད་སྒྲུབ་གཉིས་ཀྱི་ནང་ནས་བཤད་པའི་བཀའ་གཙོ་བོར་འཛིན་པ་ཤར་ཆེན་ཡེ་ཤེས་རྒྱལ་མཚན། སྒྲུབ་པའི་བཀའ་གཙོ་བོར་འཛིན་པ་གྲུབ་ཆེན་བུདྡྷ་ཤྲཱི་གཉིས་ཡིན་ལ། དེའི་ནང་ནས་ཀྱང་ཆོས་འདིའི་བརྒྱུད་པ་འཛིན་པ་ནི་ཤར་པ་སྟེ། འདི་ནི་བདེ་བར་གཤེགས་པའི་གསུང་རབ་མདོ་སྔགས་ཐམས་ཅད་ལ་མི་འཇིགས་པའི་སྤོབས་པ་ཐོབ་ཅིང་། འཆད་རྩོད་རྩོམ་གསུམ་གྱི་ཚུལ་ལ་བློ་གྲོས་ཕུལ་དུ་བྱུང་བ་དང་ལྡན་པའི་མཁས་པ་ཆེན་པོ། སྒྲུབ་པ་ལ་བརྩོན་པར་མཛད་པས་ཏིང་ངེ་འཛིན་ལ་ཐུགས་བརྟན་ཞིང་ཡི་དམ་གྱི་ལྷ་མང་པོའི་ཞལ་གཟིགས། ཁྱད་པར་བདེ་མཆོག་དྲིལ་བུ་པའི་ཉམས་བཞེས་རྒྱུན་དུ་མཛད་པས། རང་ལུས་གདོད་ནས་དག་པའི་དཀྱིལ་འཁོར་དུ་གཟིགས་ཤིང་། ཡི་གེ་བདུན་པ་ལ་བཟླས་པ་གྲངས་མེད་སོང་བས་རྟ་ནག་ལྷ་རིར་ཐོ་རངས་ཀྱི་དུས་ཤིག་ཉམས་སྣང་ལ་བདེ་མཆོག་ལྷན་སྐྱེས་མཁའ་འགྲོ་མང་པོས་བསྐོར་ནས། ཁྱོད་འདི་ནས་འཕོས་ནས་ཨུ་རྒྱན་རྡོ་རྗེའི་གནས་སུ་སློབ་དཔོན་ཆེན་པོ་ཐུགས་ཀྱི་རོལ་པ་ཞེས་པའི་བདེ་མཆོག་གི་རྣལ་འབྱོར་པར་གྱུར་ཏེ། རྟེན་དེ་མ་སྤངས་པར་མཁའ་སྤྱོད་དུ་འགྲོའོ་ཞེས་གསུངས་པ་དང་། ན་རོ་མཁའ་སྤྱོད་མ་ཚེས་