[A:༡༡༦བ]བཅུ་དང་སྒོམ་བཟླས་གྲངས་མེད་སོང་བས་སྟོང་གཟུགས་ཀྱི་རྗེ་བཙུན་མའི་སྐུ་མང་པོ་བྱོན་ནས། འཆི་བ་ཞེས་བྱའི་རྣམ་རྟོག་འདི། །མཁའ་སྤྱོད་གནས་སུ་ཁྲིད་པར་བྱེད། །ཅེས་པའི་སྒྲ་བྱུང་པས་ཐུགས་རངས་པར་གྱུར་པ་སོགས་དང་། གཞན་ཡང་མནལ་ལམ་བཟུང་ནས་སོ་ཝ་ན་ཐར་རྗེ་བཙུན་རྣལ་འབྱོར་གྱི་དབང་ཕྱུག་དཔལ་ལྡན་བིརྺ་པ་ལ་ཆོས་གསན་པ་ལ་སོགས་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་མངའ་བ་ཞིག་ཡིན་ནོ། །དེ་ཉིད་ཀྱིས་རྒྱུད་བྱིན་གྱིས་བརླབས་ཤིང་ཆོས་འདིའི་རྒྱུད་འཛིན་གྱི་གཙོ་བོ་ནི། སྙིགས་དུས་ཀྱི་རྒྱལ་བ་གཉིས་པ་རྒྱལ་བ་ཉིད་ཀྱིས་ལུང་བསྟན་པ་རྗེ་བཙུན་དམ་པ་ཀུན་དགའ་བཟང་པོ་སྟེ། འདི་ནི་སྟོན་པ་མྱ་ངན་ལས་འདའ་བའི་ཚུལ་བསྟན་ནས་ལོ་སུམ་སྟོང་ལྔ་བརྒྱ་དང་བཅོ་ལྔ་པ་ཆུ་ཕོ་ཁྱི་ལ་བལྟམས། དགུང་ལོ་དགུ་པ་ལ་ཆོས་རྗེ་ཡེ་ཤེས་རྒྱལ་མཚན་པའི་དྲུང་དུ་དགེ་བསྙེན་དང་དགེ་ཚུལ་གྱི་སྡོམ་པ་གཉིས་མནོས། དེ་ནས་བཟུང་དགུང་ལོ་ཉེར་ལྔའི་བར་དུ་གཙོ་ཆེར་ཤར་ཆེན་ཡེ་ཤེས་རྒྱལ་མཚན་གྱི་ཞབས་པད་བསྟེན་ཏེ། རྒྱུད་མན་ངག་གི་ཟབ་བཅུད་བླངས། ཤར་པས་མཁན་པོ། མཁན་ཆེན་བློ་གྲོས་དཔལ་བས་ལས་སློབ། ས་བཟང་འཕགས་པས་གསང་སྟོན་བགྱིས་ཏེ་བསྙེན་པར་རྫོགས་པ་ཡང་མཛད་དེ། རྡོར་དཀར་གདན་ཅིག་ཁོ་ན་མཛད་ཅིང་ཉེས་ལྟུང་གི་དྲི་མས་དབེན། གཞན་ཡང་ས་བཟང་འཕགས་པ་གཞོན་ནུ་བློ་གྲོས་ལ་རྡོ་རྗེ་ཕྲེང་བ་སོགས་རྒྱུད་སྡེའི་བཤད་སྲོལ་མང་དུ་གསན། མཁན་ཆེན་གཡག་པ་ལ་རྣམ་རིག་ལ་སོགས་རིག་པའི་གསང་ཚིག་གནད་