[A:༡༢ན]རྒྱུན་དུ། བྷ་ན་བསྒོམ་པ། ར་ཏི་ནི་ཡང་ཡང་སྟེ། རྒྱུན་མི་འཆད་པར་ཡང་ཡང་བསྒོམས་པས་ཐོབ་པས་ན་ཚོགས་ཞེས་བྱའོ། །དེ་ལ་ཕྱེ་ན། མཚན་འཛིན་གཅོད་པས་ཤེས་རབ་དང་། དགེ་རྩ་སྡུད་པས་ཐབས་ཏེ་ཐབས་ཤེས་གཉིས་སུ་དབྱེ་བ་དང་། ཐེག་ཆེན་གྱི་ལམ་ཐམས་ཅད་ཕྱིན་དྲུག་གིས་བསྡུས་པས་ཕ་རོལ་ཏུ་ཕྱིན་པ་དྲུག་ཏུ་དབྱེ་བ་དང་། ས་བཅུ་པོ་རེ་རེ་རྒྱུའི་ཕ་རོལ་ཏུ་ཕྱིན་པ་བཅུ་ལ་རིམ་པ་བཞིན་གཙོ་བོར་སྤྱོད་པས་ཕར་ཕྱིན་བཅུའམ་ས་མཚན་ཉིད་པ་བཅུ་དང་། དད་པའི་ས་དང་། མོས་པས་སྤྱོད་པའི་ས་སྟེ་ས་བཏགས་པ་ཚོགས་སྦྱོར་གཉིས་རྣམས་སུ་དབྱེ་བ་དང་། མདོ་སྡེ་རྒྱན་ལས། སྦྱིན་མཚུངས་དེ་སྟོན་ལེགས་འཇུག་དང་། །བདག་ཉིད་རྗེས་སུ་འཇུག་རྣམས་ཀྱིས། །སྙན་པར་སྨྲས་དང་དོན་སྤྱོད་དང་། །དོན་མཐུན་ཉིད་དུ་འདོད་པ་ཡིན། །ཞེས་པ་ལྟར་སྦྱིན་པའི་ཕར་ཕྱིན་དང་མཚུངས་པའི་སྦྱིན་པ་དང་། གཞན་ལ་ཕར་ཕྱིན་དྲུག་སྟོན་པའི་སྙན་པར་སྨྲ་བ་དང་། གཞན་དག་ཕྱིན་དྲུག་ཉམས་སུ་ལེན་དུ་འཇུག་པས་དོན་སྤྱོད་པ་དང་། རང་ཉིད་ཀྱང་ཕྱིན་དྲུག་ལ་འཇུག་པ་དོན་མཐུན་པ་སྟེ་བསྡུ་བའི་དངོས་པོ་བཞིར་དབྱེ་བ་དང་། བྱང་ས་ལས། བྱང་ཆུབ་སེམས་དཔའི་སྤྱོད་པ་འདི་བཞིས་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་བསྡུས་པར་རིག་པར་བྱའོ། །ཞེས་གསུངས་པའི་སྤྱོད་པ་བཞི་ནི། མདོ་སྡེ་རྒྱན་ལས། ལུས་ཅན་ཐེག་པ་ཆེན་པོ་དང་། །ཐེག་པ་དམན་ལ་མོས་པ་དང་། །གཉིས་ཀ་འདུན་པར་བྱ་བ་དང་། །གདུལ་བྱའི་ཕྱིར་ན་བསྟན་རྣམས་ཀྱི། །སྤྱོད་པ་བཞི་པོ་མདོ་བཞིན་དུ། །རྗེས་སུ་འབྲངས་ནས་བཤད་པ་ཡིན། །