[A:༡༡༧ན]དུ་དྲིལ་བ་གསན། ས་སྐྱ་སྒོ་རུམ་གྱི་རྗེ་བཙུན་གོང་མའི་གསུང་རབ་ལ་ལོ་གསུམ་གྱི་བར་དུ་གཟིགས་རྟོག་ནན་ཏན་དུ་མཛད་པས་ཆོས་སྤྱི་དང་ཁྱད་པར་དཔལ་ལྡན་ས་སྐྱ་པའི་ཟབ་དོན་གྱི་གནད་ལ་ཕྱིན་ཅི་མ་ལོག་པའི་གོ་བ་ཕུལ་བྱུང་དུ་རྙེད། ཆོས་རྗེ་དཔལ་ལྡན་ཚུལ་ཁྲིམས་པ་ལ་ཀྱཻ་རྡོར་མན་ངག་ལུགས་ཀྱི་བཀའ་གསན་པས་དཔལ་ལྡན་ས་སྐྱ་པའི་འཇུག་སྒོ་ཐོག་མ་ཡིན་ཞེས་མི་འཕྲོགས་པའི་དད་པ་ཐོབ། དགུང་ལོ་ཉེར་ལྔ་པའི་ཚེ་ཤར་ཆེན་པ་ཞི་བར་གཤེགས་ཏེ། གསུང་ངག་རིན་པོ་ཆེའི་བདུད་རྩི་སྔར་མ་གསོལ་བས་ཐུགས་ཀྱི་འདུན་པ་ཆེར་གཡོས་ཏེ། ཤངས་ཆོས་འཁོར་སྒང་དུ་ལོ་ཆེན་སྐྱབས་མཆོག་པའི་དྲུང་དུ་བྱོན། ཟབ་རྒྱས་ཀྱི་ཆོས་མང་དག་དང་། སྣང་གསུམ་ཙམ་ལས་ཐུགས་ཀྱི་རེ་བ་མ་ཁེངས་པ་ན། དུས་དེའི་ཚེ་མནལ་ལམ་དུ། བླ་མ་ཀུན་དགའ་བཟང་པོ་ལམ་འབྲས་ཞུ་ན་འདི་ན་ཡར་བྱོན་ཟེར་བ་ཞིག་བྱུང་། བྱོན་པས་རི་འབོར་ཞིག་ན། དང་ར་སྒོ་བྱང་བསྟན་རྩིག་པ་ཁྲོལ་ལེ་བ་ཅིག་གི་ནང་ན། ཁང་པ་སྒོ་ཤར་བསྟན་ཅིག་གི་སྐས་ལ་འཛེགས་བྱོན་པས། སྐས་མགོ་ནས་དགེ་བཤེས་ཤ་རྩི་སྨུག་པོ་བྱས་པ་ཞིག་གིས་སྤོས་སྣ་བྱས་བྱོན་པས། ཚོམས་ཁ་ལྷོར་བསྟན་ཅིག་ན་བླ་མ་བགྲེས་སེ་བ་བེར་ཐུལ་བསྣམས་པ་ཞིག་དང་མཇལ་ཏེ་ཟག་མེད་ཀྱི་དགའ་བ་སྐྱེས། ཕྱིས་སུ་གྲུབ་ཆེན་བུདྡྷ་ཤྲཱི་འོས་སུ་གཟིགས་ཏེ་ཞེ་དགོན་དུ་བྱོན་པས་མནལ་ལམ་དུ་ཇི་སྐད་བྱུང་བ་བཞིན་མངོན་དུ་གྱུར་པས་མོས་གུས་ཀྱི་བསམ་པ་ཚིམ་སྟེ། གསུང་ངག་གི་བདུད་རྩིའི་བཅུད་ངོམ་པར་གསོལ། དགུང་