[A:༡༡༧བ]ལོ་ཞེ་བརྒྱད་པ་ཡན་ལ་ས་སྐྱ། ས་བཟང་སོགས་གནས་ངེས་མེད་དུ་གསུང་ངག་སོགས་ཟབ་རྒྱས་ཀྱི་དགའ་སྟོན་སོ་སོར་སྤེལ། དེ་ནས་གནས་ཀྱི་བརྟག་པ་མཛད་པ་ན། ཨེ་ཝྃ་ཆོས་ལྡན་གྱི་རི་ཁྲོད་དེ་འོད་གསལ་ལ་གསལ་པོར་ཤར། གང་ན་ཡོད་མ་ངེས་པར་ཐེ་ཚོམ་དུ་གྱུར་པ་ན། ཁྱོད་ཀྱི་དགོན་པ་དོན་གྲུབ་ཀྱིས་སྟོན་པ་ཡོད་ཟེར་བ་འོད་གསལ་ལ་ཤར། ཕྱིས་ཉག་བྲེ་དོན་གྲུབ་ཟེར་བས་གནས་དེའི་ཡོན་ཏན་བསྔགས་པས། དགུང་ལོ་ཞེ་བརྒྱད་པ་ས་མོ་བྱ་ལ་ཨེ་ཝྃ་ཆོས་ལྡན་གྱི་དགོན་གནས་ཆེན་པོ་བཏབ། དཔལ་ལྡན་ས་སྐྱ་པའི་རྒྱུད་མན་ངག་དང་། རྒྱུད་སྡེ་བཞིའི་བསྟན་པ་སྤྱི་ཁྱབ་དང་། ཁྱད་པར་བྱ་སྤྱོད་ཀྱི་བསྟན་པ་ལ་རྗེ་འདི་ཁོ་ན་བཀའ་དྲིན་ཆེ་བ་ཡིན། དམ་པ་འདིས་དབང་ཁྲིད་གདམས་པའི་སྒོ་བྱེ་བ་ཕྲག་བརྒྱ་ཕྱེ་གསུང་ངག་ལམ་འབྲས་ལན་གྲངས་བརྒྱད་ཅུ་གྱ་གསུམ་གནང་། བསྙེན་པར་རྫོགས་པ་ཁྲི་རལ་པ་ཅན་གྱི་མཁན་པོ་མཛད། དགེ་འདུན་གྱི་སྡེ་གསར་བཙུགས་ཀྱང་གློ་བོར་དགེ་འདུན་སྟོང་ཕྲག་འདུ་བའི་ཆོས་སྡེ། ཆུ་འདུས་སུ་ལྔ་བརྒྱ་འདུ་བ། གཏིང་སྐྱེས་སུ་ཉིས་བརྒྱ་འདུ་བ། གུ་གེར་བརྒྱ་ཕྲག་སོགས་དང་། ཨེ་ཝྃ་ཆོས་ལྡན་དུ་གསུང་ངག་པ་སྟོང་ཕྲག་འདུ་བ་སོགས་འདེབས་པར་མཛད་དེ་བཤད་སྒྲུབ་ཀྱི་བསྟན་པ་དར་རྒྱས་སུ་གྱུར། དེ་ལྟར་བསྟན་པ་རིན་པོ་ཆེའི་མཛད་པ་རླབས་པོ་ཆེ་དུ་མ་མཛད་དེ། མཐར་དགུང་ལོ་དོན་ལྔ་པ་ས་ག་ཟླ་བའི་ཉེར་ལྔ་ལ་དག་པའི་ཞིང་དུ་གཤེགས་སོ། །འདི་ལ་སྤྱིར་སློབ་མ་བསམ་གྱིས་མི་ཁྱབ་ཅིང་།