R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༡༨བ
[A:༡༡༨བ]མཚན་པ་དང་། སངས་བློ་བའི་དྲུང་དུ་ཕར་ཕྱིན་སོགས་སྦྱངས་དེར་ལོ་གསུམ་ནས་གྲྭ་སྐོར་མཛད། ཉེར་བཞི་པ་ལ་མཁས་མཆོག་ཐུགས་རྗེ་དཔལ་བཟང་བའི་དྲུང་དུ་ཕར་ཕྱིན་གྱི་དཀའ་གནས་ལ་སྦྱངས། ས་སྐྱར་གྲྭ་སྐོར་མཛད། ཉེར་ལྔ་པ་ལ་ཤེལ་དཀར་དུ་མཁས་པ་གཡག་པ་དང་མཇལ། ལོ་དྲུག་བསྟེན་ཕར་ཕྱིན་གྱི་གནད་ཟབ་མོ་མྱངས། ཉེར་བརྒྱད་པ་ལ་མུ་གུ་ལུང་དུ་སེམས་དཔའ་ཆེན་པོ་གཞོན་ནུ་རྒྱལ་མཆོག་པ་དང་མཇལ་སྔ་ཕྱིར་ལོ་བདུན་བསྟེན། ཚད་མ་འུ་ཡུག་པའི་རིགས་མཛོད་ཆེན་པོ་སོགས་ལ་སྦྱངས། སོ་གཉིས་པ་ལ་ཆོས་རྗེ་རོང་ཆེན་པ་ལ་ཕར་ཚད་ཀྱི་གནད་ཟབ་མོ་གསན། སོ་བཞི་པ་ལ་ཀ་ལྔ་པ་དཔལ་འབྱོར་ཤེས་རབ་ལ་དབུ་མ་རེ་འདའ་པའི་ལུགས་གསན། སོ་ལྔ་པ་ལ་ལྷ་སར་བསྐོར་བ་འབུམ་གཏེར་མཛད། ཡར་ལམ་ནུབ་ཆོས་ལུང་དུ་གསང་ཆེན་ཀུན་དགའ་དཔལ་ལ་བསྙེན་པར་རྫོགས། སོ་བརྒྱད་པ་ལ་དཔལ་ས་སྐྱར་རྗེ་ངོར་ཆེན་ལ་བདེ་ཀྱེའི་ལམ་ཟབ་མོ་གསན། ཐུགས་ཡིད་གཅིག་ཏུ་འདྲེས། སོ་དགུ་པ་ལ་བརྟག་གཉིས་ཀྱི་བཤད་པ་གསན། སྦྱོར་དྲུག་གི་ཉམས་ལེན་ཟབ་མོ་མཛད། བཞི་བཅུ་པའི་ཚེ་གསུང་ངག་རིན་པོ་ཆེའི་ཟབ་དོན་ཉམས་སུ་མྱངས། སླར་ཡང་ཞེ་གཉིས་པའི་ཚེ་ཟླ་བ་བདུན་དུ་གསུང་ངག་གི་ཟབ་གནད་མཐིལ་ཕྱིན་པར་གསན། ཞེ་གཉིས་པ་ལ་རྗེ་ངོར་ཆེན་གྱི་ངོར་དགོན་གསར་འདེབས་པའི་ཚེ། རྗེ་འདིས་བརྟག་གཉིས་ཀྱི་བཤད་པའི་དགའ་སྟོན་སྤེལ། དེ་ནས་བཟུང་སྟེ་རྗེ་འདིའི་རེ་བརྒྱད་དང་། རྗེ་ངོར་ཆེན་དོན་བཞི་བཞེས་པའི་བར། ངོར་དང་མུས་སུ་བྱོན་རེས་ཀྱིས་བདེ་ཀྱེ་སོགས་ཀྱི་རྒྱུད་