[A:༡༡༩བ]ཆེན་པོའི་ངང་དུ་རྣལ་འབྱོར་དབང་ཕྱུག་གི་ཞལ་གཟིགས། བརྒྱད་ཅུ་རྩ་གཉིས་པ་སྨིན་དྲུག་ཟླ་བའི་ཚེས་བརྒྱད་ལ་བསམ་གཏན་ཕུག་གི་དབེན་གནས་དམ་པ་ནས་དག་པའི་ཞིང་མཆོག་བདེ་བ་ཅན་དུ་གཤེགས་སོ། །ཡང་རྗེ་ངོར་ཆེན་རྡོ་རྗེ་འཆང་གི་ཐུགས་སྲས་འཁོར་ལོ་བདེ་མཆོག་གི་བཀའ་འཛིན་པ། གུ་གེ་པཎྜི་ཏའམ། རྒྱུན་སྒུལ་པཎྜི་ཏ་གྲགས་པ་རྒྱལ་མཚན་ནི། འཁྲུངས་ཡུལ་གུ་གེ རྗེ་ངོར་ཆེན་སོགས་ཡོངས་འཛིན་དུ་མ་ལས་ཟབ་རྒྱས་དམ་པའི་ཆོས་གསན་པ་རྒྱ་མཚོའི་མཐར་སོན་པ་མཛད། ཁྱད་པར་རྗེ་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་མཆོད་གཡོག་དང་། གསོལ་དཔོན་སོགས་གོ་རེ་ལན་གྱི་ཚུལ་དུ་ལོ་བཅུ་བདུན་གྱི་བར་དུ་ཞབས་པད་བསྟེན་ཏེ་གསུང་གི་གསང་བ་ཟབ་མོ་འཛིན་པར་མཛད་ཅིང་། འཁོར་ལོ་བདེ་མཆོག་སོགས་ཀྱི་སྒོ་ནས་སྐལ་ལྡན་དུ་མ་སྨིན་གྲོལ་ལ་བཀོད། ཁྱད་པར་སྔོན་ཆད་བོད་དུ་གཏན་མ་འགྱུར་བའི་བདེ་མཆོག་བོང་ཞལ་ཅན་བྱ་བའི་ཟབ་ཆོས་ངོ་མཚར་ཅན་འདིའི་བཀའ་དེང་སང་ཡང་མ་ཆད་ཙམ་བཞུགས་པ་ནི་རྗེ་འདི་ཁོ་ནའི་བཀའ་དྲིན་ཡིན་ཏེ། དེ་ཡང་རྗེ་ངོར་ཆེན་གྱིས་གློ་བོར་ལན་གསུམ་ཕེབས་པའི་རྗེས་མ་ལ། གློ་བོའི་བར་ཚིགས་ལུང་ཐུར་གྱི་སྣ་ཚེ་གྲུམ་ཟེར་བ་ན། བླ་མ་བསམ་གཏན་འོད་ཟེར་བྱ་བ་བལ་པོ་མཧཱ་བོ་དྷཱི་ལ་བོང་ཞལ་ཅན་གྱི་དབང་དང་གདམས་ངག་ཐོབ་ནས་བསྐྱེད་རྫོགས་ཆག་མེད་དང་། ཡི་གེ་བདུན་པ་དུང་ཕྱུར་བདུན། མཚན་བརྗོད་རྒྱ་སྐད་དུ་ཁྲི་ཚོ་བརྒྱ་སོང་བ། འཕྲལ་ངོར་ཆང་ལ་འདེབས་པའི་ཕབ་འཚོང་བྱེད་པའི་སྦས་པའི་རྣལ་འབྱོར་པ་ཞིག་ཡོད་པ། རྗེ་རྡོ་རྗེ་འཆང་གིས་བྲག་དཀར་དུ་འབོད་པ་གནང་། དབང་