[A:༡༢༠ན]བསྐུར་ལུགས་ངེས་དག་སློབ་པ་གནང་རྗེས། ནངས་པར་དབང་འབུལ་རྒྱུའི་དོ་ནུབ་ཁོང་བྲོས་ཏེ་རོང་གཏིང་སྨད་ལྷ་ཁང་དུ་བུད། དེར་ངོར་ཆེན་གྱི་བཀའ་ལུང་ལ། དབང་འདིའི་རྒྱུན་ཆད་དུ་རང་ཕངས་པས་ངེད་ལ་བསྐུར་མི་ནུས་ནའང་ངེད་ཀྱི་སློབ་མ་འདི་གསུམ་ལ་སྐུར་གསུངས། བྱམས་གླིང་ཆོས་རྗེ་དཔལ་ལྡན་པ། བླ་མ་རྒྱལ་སྲས་པ། རྗེ་འདི་དང་གསུམ་གནང་སྦྱིན་བཟང་པོ་དང་བཅས་ཞུ་བར་རྫོངས་པ་མཛད་པ་ལ། ཁོང་གིས་ཀྱང་བཀའ་བཞིན་དབང་ཟབ་ནས་བསྐུར། སྟ་གོན་གྱི་དུས་མི་དགེ་བཅུའི་རྣམ་གཞག་ཞིབ་པ་ཞིག་གསུངས་ནས། དལ་འབྱོར་གྱི་ཆོས་བཅོ་བརྒྱད་སོང་གསུངས་པ་ཞིག་བྱུང་། དེ་ནས་ཁོང་གསུམ་འཁོར་ནས་ངོར་ཆེན་གྱི་དྲུང་དུ་བྱོན་པའི་ཚེ། དབང་གི་སྐབས་འདིར་ཕྱག་ལེན་འདི་འདྲ་ཨེ་བྱུང་སོགས་ཞིབ་དཔྱོད་གནང་བ་ལ། དྲུང་དཔལ་ལྡན་པས་ཇི་ལྟ་བ་བཞིན་རང་བྱུང་ཚུལ་ཞུས་པས་ཤིན་ཏུ་དགེས། རྗེ་པཎ་ཆེན་འདིས་བདག་ནི་བསྟོད་པ་ཤླཽ་ཀ་གཅིག་ཕུལ་ཞུས་པས་དེ་ག་རེ་གསུངས་པ་ལ། དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །མི་དགེ་བཅུ་ཡི་རྣམ་གཞག་ལེགས་གསུངས་ནས། །དལ་འབྱོར་ཆོས་ནི་བཅོ་བརྒྱད་སོང་ཞེས་གསུངས། །མཁྱེན་རབ་མཐར་ཕྱིན་ཁྱེད་ལ་གསོལ་བ་འདེབས། །ཞེས་པ་ལགས་ཞུས་པས། དཔོན་སློབ་ཡོངས་བཞད་མོ་ཐག་པ་བྱུང་། གང་ལྟར་དཔལ་ལྡན་པ་དང་། རྒྱལ་སྲས་པ་ལས་མ་འཕེལ། པཎ་ཆེན་འདིས་གློ་བོ་མཁན་ཆེན་རིན་པོ་ཆེ་དང་། ཆོས་རྗེ་ནམ་མཁའ་བརྟན་པ་ལ་གནང་བས་གཉིས་ཀས་རྒྱ་ཆེར་སྤེལ་བའི་རྒྱུན་ད་ལྟ་ཡང་མ་ཆད་པར་བཞུགས་པ་འདི་ཡིན་ལ། པཎ་ཆེན་འདིས་བོང་ཞལ་