R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༢༠བ
[A:༡༢༠བ]ཅན་གྱི་སྒྲུབ་དཀྱིལ་ཡང་མཛད་དེ། མཇུག་ཏུ། རྡོ་རྗེ་ཕག་མོས་བྱིན་བརླབས་གྲུབ་རིགས་ཀྱི། །འཁོར་ལོས་བསྒྱུར་རྒྱལ་མཧཱ་བོ་དྷིའི་སྲས། །སྦས་པའི་གྲུབ་ཆེན་བསམ་གཏན་འོད་ཟེར་གྱི། །གསུང་གི་རྒྱུན་དང་། ཞེས་འབྱུང་ངོ་། །འདི་ལ་སློབ་མའི་མཆོག་མང་པོ་བྱོན་ཀྱང་། འཁོར་ལོ་བདེ་མཆོག་གི་ཆོས་སྐོར་ཡོངས་སུ་རྫོགས་པར་གསན་ཅིང་ཐུགས་སྲས་དམ་པར་གྱུར་པ་ནི། གློ་བོ་མཁན་ཆེན་བསོད་ནམས་ལྷུན་གྲུབ་ལེགས་པའི་འབྱུང་གནས་དཔལ་བཟང་པོ་སྟེ། དམ་པ་འདི་ནི་སྟོན་པ་མྱ་ངན་ལས་འདས་ནས་ལོ་སུམ་སྟོང་ལྔ་བརྒྱ་དང་གོ་གཅིག་པ་རྗེ་བཙུན་རྡོ་རྗེ་ཀུན་དགའ་བཟང་པོ་ཞི་བར་གཤེགས་པའི་ལོ་གློ་བོ་སྨོན་ཐང་གི་རྒྱལ་ཁབ་ཆེན་པོར་བལྟམས། དགུང་ལོ་གཉིས་པའི་ཚེ་ངོར་གདན་ས་པ་ཤེས་རབ་རྒྱ་མཚོ་ལ་སྐྱབས་འགྲོའི་བསླབ་བྱ་དང་། རྣམ་རྒྱལ་གྱི་རྗེས་གནང་སོགས་ནོད། གསུམ་པའི་ཚེ་ཁ་ཆར་བ་ལ་ཚེ་དབང་། ལྔ་དྲུག་པའི་དུས་རིག་འཛིན་བདེ་ལེགས་པར་རྟ་མགྲིན་གྱི་དབང་སོགས་དང་། དགུ་པའི་ཚེ་ཡོན་ཏན་ཆོས་རྒྱལ་བ་ལས་དགེ་བསྙེན་ཞུས། བཅུ་གཅིག་པའི་ཚེ་རྗེ་ཀུན་དགའ་དབང་ཕྱུག་གློ་བོར་ཕེབས་པའི་ཚེ་དེ་ཉིད་ལས་རབ་ཏུ་བྱུང་། ར་སྟོན་ཡོན་ཏན་དཔལ་བཟང་ལ་ཕར་ཕྱིན་དང་། སྡོམ་རིག་སོགས་ཀྱི་བསླབ་སྦྱངས་མཛད། བཅུ་བདུན་པའི་ཚེ་སྨོན་ཐང་ཐུབ་ཆེན་གྱི་གཙུག་ལག་ཁང་དུ་བཤད་པའི་དགའ་སྟོན་སྩལ། དགུང་ལོ་ཉེར་གཅིག་པའི་ཚེ་རྗེ་དཔལ་ལྡན་མཚན་ཅན་གྱི་གདན་སར་རྗེ་དེས་གསུང་གི་མངའ་གསོལ་ཀྱང་། ར་སྟོན་ཡོན་ཏན་དཔལ་བཟང་གི་གདན་ས་མི་ལེགས་པའི་བཀའ་སྩལ་ལྟར་ཁུར་ཆེན་མ་བཞེས་པས། དེ་དུས་རྗེ་འདི་བླ་མ་