R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༢༡ན
[A:༡༢༡ན]ས་ཆེན་སྒྱི་ཆུ་བ་དང་ཁའུབ་པའི་རབ་བྱུང་རིགས་མི་རིགས་ཀྱི་བཀའ་སོ་སོར་ཕེབས་པ་བཞིན་དུ་གྱུར་པས་གནང་དཀའ་བ་ཙམ་བྱུང་། ཉེར་གཉིས་པའི་ཚེ་རྗེ་ཀུན་དགའ་དབང་ཕྱུག་གློ་བོར་ལན་རྗེས་མ་ཕེབས་པའི་ཚེ། མཁན་པོ་དེ་ཉིད་དང་། ལས་སློབ་ཡོན་ཏན་ཆོས་རྒྱལ། གསང་སྟོན་ར་སྟོན་ཡོན་ཏན་དཔལ་བཟང་པོ་རྣམས་ལས་བསྙེན་པར་རྫོགས་ཏེ་ཐུབ་བསྟན་དར་རྒྱས་གླིང་གི་ཆོས་དཔོན་ཆེན་པོར་རྗེ་བཙུན་ཀུན་དགའ་དབང་ཕྱུག་ཉིད་ཀྱིས་མངའ་གསོལ་བར་མཛད། མཁན་སློབ་དེ་དག་ལ་སྔ་ཕྱིར་མདོ་རྒྱུད་ཀྱི་བཅུད་མང་དུ་ནོད། ཁྱད་པར་རྗེ་ཀུན་དགའ་དབང་ཕྱུག་ལ་བདེ་ཀྱེ་གསང་གསུམ་གྱི་རྒྱུད་མན་ངག་སོགས་རྗེ་བཙུན་ས་སྐྱ་པའི་ཆོས་ཚུལ་ཟབ་མོའི་བདུད་རྩི་ངོམ་པར་གསོལ་ཏེ། ཡོངས་འཛིན་ཀུན་གྱི་མཆོག་ཏུ་བཟུང་། དེ་ནས་ཆོས་གྲྭ་ཆེན་པོ་དེར་གཙོ་བོར་གདན་ཕབ། དེར་ཡོད་ཀྱི་འདུས་པའི་ཚོགས་ལ་ཕར་ཚད་སོགས་རྒྱུ་ཕ་རོལ་ཏུ་ཕྱིན་པ་དང་འབྲེལ་བའི་ཆོས་ཀྱི་འཁོར་ལོ་རྒྱུན་མ་ཆད་པར་བསྐོར། ཁྱད་པར་སྡོམ་གསུམ་རབ་དབྱེ་ཉིད་བཤད་གཞིའི་གཙོ་བོར་མཛད། དེ་ལས་འཕྲོས་པའི་དྲི་བ་དང་། དེའི་ལེན་འདོན། དཀའ་འགྲེལ། ཚིག་འགྲེལ་སོགས་རང་གཞན་གྱི་མཁས་པ་དག་གི་གསུང་རབ་མང་པོའི་ཚིག་དང་དོན་གྱི་གནས་རྗེས་སུ་དཔྱད་དེ། རིགས་པ་དང་མི་རིགས་པའི་ཚུལ་རྣམ་པར་འབྱེད་པའི་ལེགས་བཤད་ཀྱི་དགའ་སྟོན་ཞིབ་མོ་རྣམ་དག་དང་། ཚད་མའི་གཞུང་ལུགས་ཀུན་གྱི་གཙོ་བོ་རིགས་གཏེར་གྱི་འགྲེལ་བཤད་རིག་པ་མ་ལུས་པ་ལ་འཇུག་པའི་སྒོ་ཞེས་བྱ་བ་ལེགས་པར་