[A:༡༢བ]ཞེས་པ་ལྟར་ཏེ། ཐེག་ཆེན་ལ་མོས་པ་རྣམས་ཀྱི་ཕྱིར་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ། ཐེག་དམན་ལ་མོས་པ་རྣམས་ཀྱི་ཕྱིར་བྱང་ཆུབ་ཕྱོགས་མཐུན་གྱི་སྤྱོད་པ། གཉིས་ཀ་འདུན་པར་བྱ་བའི་ཕྱིར་མངོན་ཤེས་ཀྱི་སྤྱོད་པ། ཐེག་པ་གསུམ་ཀའི་གདུལ་བྱ་སྨིན་པའི་ཕྱིར་སེམས་ཅན་ཡོངས་སུ་སྨིན་པའི་སྤྱོད་པ་དང་སྤྱོད་པ་བཞིར་དབྱེ་བ་དང་། སློབ་དཔོན་ཤནྟི་པས་མཛད་པའི་ཉི་ཁྲིའི་འགྲེལ་པ་དག་ལྡན་ལས། སེམས་བསྐྱེད་བསམ་སྦྱོར་ལྷག་བསམ་དང་། །ཕ་རོལ་ཕྱིན་དྲུག་ཚད་མེད་དག །མངོན་པར་ཤེས་དང་བསྡུ་དངོས་བཞི། །བྱང་ཆུབ་ཕྱོགས་མཐུན་ཞི་གནས་སོགས། །གཟུངས་སོགས་ཆོས་ཀྱི་མདོ་བཤད་དང་། །བགྲོད་ཅིག་ཐབས་ལ་མཁས་པའོ། །ཞེས་གསུངས་པ་ལྟར། སེམས་བསྐྱེད་དང་། བསམ་པ། སྦྱོར་བ། ལྷག་པའི་བསམ་པ། ཕར་ཕྱིན་དྲུག ཚད་མེད་བཞི། མངོན་ཤེས་ལྔ། བསྡུ་དངོས་བཞི། སོ་སོ་ཡང་དག་རིག་པ་བཞི། ཆོས་ལ་སྟོན་གྱི་གང་ཟག་ལ་མི་སྟོན། དོན་ལ་སྟོན་གྱི་ཚིག་ལ་མི་སྟོན། ངེས་དོན་ལ་སྟོན་གྱི་དྲང་དོན་ལ་མི་སྟོན། ཡེ་ཤེས་ལ་སྟོན་གྱི་རྣམ་ཤེས་ལ་མི་སྟོན་པ་སྟེ་སྟོན་པ་བཞི་དང་། ཚོགས་གཉིས་དང་། བྱང་ཕྱོགས་སོ་བདུན་དང་། ཞི་ལྷག་གཉིས་དང་། གཟུངས་སྤོབས་གཉིས་དང་། ཆོས་ཀྱི་སྡོམ་བཞི་དང་། བགྲོད་པ་གཅིག་པ་དང་། ཐབས་ལ་མཁས་པ་སྟེ་བརྒྱད་ཅུ་པོས་ཐེག་ཆེན་གྱི་ལམ་ཐམས་ཅད་བསྡུས་པས་མི་ཟད་པ་བརྒྱད་ཅུར་དབྱེ་བ་དང་། མངོན་རྟོགས་རྒྱན་ལས། དེ་ཡང་ས་གསེར་ཟླ་བ་མེ། །གཏེར་དང་རིན་ཆེན་འབྱུང་གནས་མཚོ། །རྡོ་རྗེ་རི་སྨན་བཤེས་གཉེན་