R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༢༢ན
[A:༡༢༢ན]སྐབས་ཤིག་ན་རྗེ་བཙུན་ས་ལོ་ཆེན་པོ་མཆེད་ཀྱིས་སྤྱན་འདྲེན་གྱི་ཕོ་ཉ་མངགས་ཏེ། དཔལ་ལྡན་ས་སྐྱ་དང་ངོར་སོགས་བརྒྱུད་དེ་རྩེ་གདོང་དུ་ཕེབས། དེར་ལྔ་རིག་པཎ་ཆེན་ཀུན་དགའ་བསོད་ནམས་གཙོ་བོར་གྱུར་པའི་གདུང་རྒྱུད་སྐུ་མཆེད་སོགས་ལ་ས་སྐྱ་པའི་ཡབ་ཆོས་བདེ་ཀྱེ་གཉིས་ཀྱི་དབང་བཀའ་བཤད་བཀའ་ལུང་བཀའ་ཐམས་ཅད་མ་ཚང་བ་མེད་པར་སྩལ། རྗེ་བཙུན་ས་ལོ་ཆེན་པོ་ཉིད་ཐུགས་སྲས་ཀྱི་མཆོག་ཏུ་བཟུང་། སླར་ཡང་ངོར་དང་གདན་ས་ཆེན་པོ་བརྒྱུད་དེ་མངའ་རིས་སུ་ཕེབས་པའི་དུས་ཡར་ལམ་སྒོ་རུམ་གྱི་ཕྱག་དཔེ་རྣམས་ལ་གཟིགས་རྟོག་ཡང་དག་པ་མཛད་པས། སྔོན་དུས་ཀྱི་ལྗོན་ཤིང་གི་དཔེ་ལྕགས་སྙུག་གིས་བྲིས་པའི་རྩོམ་གདན་རང་ཡིན་ནམ་སྙམ་པའི་དཔེ་ཞིག་གི་ནང་ན། ཀུན་མཁྱེན་ཆེན་པོ་ལ་མུས་སྲད་པས། ད་ལྟའི་མངོན་རྟོགས་ལྗོན་ཤིང་གི་དཔེ་རྣམས་ལ་ཐུན་མོང་ལྟ་བ་རིམ་པ་ཅན་གྱི་སྐབས་ན། ཡིག་ཕྲེང་གཅིག་གཉིས་ཙམ་ཆད་འདུག་པ་ཇི་ལྟར་ཡིན་དྲིས་པའི་ལན་དུ། ཀུན་མཁྱེན་ཆེན་པོས་ཕྲེང་ཆད་བྱུང་བའི་ངེས་ཤེས་ཁོ་བོ་ལ་ཡང་སྐྱེས་མོད་ཀྱི་ཚིག་དངོས་སུ་མ་མཐོང་ངོ་གསུངས་པའི་ཕྲེང་ཆད་དེ་ལེགས་པར་རྙེད་དེ་སྔོན་མེད་ཀྱི་དགའ་སྟོན་སྤེལ་བར་མཛད། རིམ་གྱིས་གློ་བོར་ཕེབས་ཏེ། ཞེ་གཉིས་པའི་ཚེ་ར་སྟོན་ཆེན་པོ་དག་པའི་ཞིང་དུ་གཤེགས་དགོངས་རྫོགས་ཀྱི་བྱ་བ་མང་དུ་བསྒྲུབས། དགུང་ལོ་ང་དགུ་པའི་ཚེ་འོད་གསལ་གྱི་ངང་དཔལ་མགོན་ཞལ་བཞི་པ་རྣམ་འཕྲུལ་རྨད་དུ་བྱུང་བ་དང་བཅས་བྱུང་ནས་ངེད་ཀྱིས་ཆོས་རྗེ་ངོར་པ་བདེ་བ་ཅན་དུ་སྐྱེལ་དུ་ཕྱིན་པ་ཡིན་