R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༢༣ན
[A:༡༢༣ན]ཕེབས་ཏེ་གསུང་ངག་ལམ་འབྲས་ཤིན་ཏུ་རྒྱས་པ་ཞིག་སོགས་གསུང་གི་བདུད་རྩིས་རྒྱལ་པོ་བློན་འབངས་བཅས་པའི་བློའི་བུམ་པ་ཡོངས་སུ་བཀང་། རྡོ་རྗེ་ཕུར་པའི་གསུང་བསྙེན་ཀྱང་དེར་སྨིན་པར་མཛད། སླར་ཡང་རང་སྲིད་སྨོན་ཐང་གི་ཡུལ་ལྗོངས་སུ་འབྱོར་ཏེ། སྦྱིན་པ་རྣམ་བཞིས་མཆོག་དམན་རབ་ཏུ་མང་པོ་དག་ཚིམ་པར་མཛད། དེ་དག་གི་བར་མཚམས་དག་ཏུ་ཡི་དམ་གྱི་ལྷ་དུ་མ་དང་། གུར་གྱི་མགོན་པོ་རྣམ་འཕྲུལ་དུ་མའི་གཟིགས་སྣང་མང་དུ་བྱུང་ཞིང་། ཁྱད་པར་ནག་པོ་ཆེན་པོ་ཆེས་འཁྲུག་ཅིང་ཁྲོས་པ་ཞལ་དུ་རྒྱུ་མ་གསོལ་བའི་ཞལ་བསྟན་པ་དེ་ཉིད་སྣང་ཆ་ཇི་བཞིན་པ་བྲིས་ཐང་ལ་ཡང་བཀོད་པར་མཛད། དགུང་ལོ་རེ་བརྒྱད་པའི་ཚེ་རྗེ་ལྷ་མཆོག་སེང་གེ་གློ་བོར་བྱོན་པ་ལ་ཟབ་གནད་མང་པོས་ཐུགས་ཀྱི་རེ་བ་བསྐངས་པར་མཛད། ངོར་ཆེན་གྱི་སྐྱོང་འོས་སུ་གྱུར་པའི་གདུལ་བྱ་མང་པོ་ལ་མདོ་སྔགས་ཀྱི་ཆོས་ཀྱི་དགའ་སྟོན་ཅི་ཡང་ཞིག་སྩལ། ཡབ་སྲས་གཉིས་ཀྱིས་མཁན་སློབ་མཛད་དེ། དགེ་བསྙེན། དགེ་ཚུལ། དགེ་སློང་སོགས་སྟོང་ཕྲག་ཏུ་ལོངས་པ་དང་། རྗེ་འདིས་སྔ་ཕྱིར་དགེ་བསྙེན། དགེ་ཚུལ། དགེ་སློང་སོགས་ཀྱི་མཁན་པོ་དང་སློབ་དཔོན་མཛད་པ་ནི་བགྲང་བ་ལས་འདས། དེ་ལྟའི་སྐབས་ནས་ངོར་ཆེན་ཉིད་སླར་ཨེ་ཝྃ་དུ་ཕེབས། རྗེ་ཉིད་ཀྱིས་ཟླ་བ་དུ་མའི་བར་དུ་སྐུ་མཚམས་ལ་བཞུགས། སླར་ཡང་གསུང་ངག་གི་དགའ་སྟོན་སྤེལ་བའི་ཚེ་རྗེ་དཀོན་མཆོག་ལྷུན་གྲུབ་ཉིད་ཀྱི་དྲུང་དུ་བྱོན་པ་ལ། རྒྱུད་མན་ངག་གི་ཟབ་གནད་ཅི་ཡང་ཞིག་སྩལ། དེ་ལྟར་འཆད་པ་སོགས་ཀྱི་གནས་སྐབས་ཐམས་ཅད་དུ་གཞན་ངོར་