[A:༡༢༣བ]ཐུན་བཞིའི་རྣལ་འབྱོར་ལས་སྐད་ཅིག་ཀྱང་མི་འདའ་བའི་ངང་ལས་རྒྱུད་སྡེ་དང་འབྲེལ་བའི་ཐུགས་དམ་ཆག་མེད་དུ་མ་ཉིན་མཚན་གྱི་ཆ་སོ་སོར་བགོས་ཏེ་བྱང་སེམས་ཀྱི་མཛད་པ་རླབས་པོ་ཆེ་རྟག་པར་མཛད་པས། དངོས་བརྒྱུད་ཀྱི་བླ་མ་རྣམས་དང་། ཡི་དམ་གྱི་ལྷ་མང་པོས་འཛུམ་ཞལ་ལེགས་པར་བསྟན། ཆོས་སྐྱོང་སྲུང་མ་རྣམས་ཀྱིས་ཇི་ལྟར་བསྒོས་པའི་འཕྲིན་ལས་བཞི་ཐོགས་མེད་དུ་བསྒྲུབས་ཤིང་། དེ་ལས་ཀྱང་མཆོག་ཏུ་གྱུར་པ་སྣང་བ་ཐམས་ཅད་རྒྱལ་བའི་དཀྱིལ་འཁོར་དུ་ཉེ་བར་གཟིགས་པའི་གཉིས་མེད་ཀྱི་ཡེ་ཤེས་མངའ་བས་ཇི་ལྟར་ཇི་སྙེད་ཀྱི་དོན་མ་ལུས་པ་མངོན་དུ་གྱུར་པ་ཉིད་ཡིན་ནོ། །དེ་ལྟར་བསྟན་པ་རིན་པོ་ཆེ་ལ་བཤད་པ་དང་སྒྲུབ་པ་གཉིས་སམ། འཆད་རྩོད་རྩོམ་གསུམ་གྱི་བགྱི་བ་རླབས་པོ་ཆེ་གཞལ་བར་དཀའ་བ་ཞིག་མཛད་དེ། དགུང་ལོ་དོན་བདུན་པ་འབྲུག་གི་ལོ་ཟླ་བ་དང་པོའི་ཉེར་དགུའི་ཐོ་རངས་དགོན་གནས་ཆེན་པོ་བསམ་གྲུབ་གླིང་ནས་དག་པའི་ཞིང་མཆོག་བདེ་བ་ཅན་དུ་གཤེགས་སོ། །རྗེ་བཙུན་འཇམ་པའི་དབྱངས་འདི་ལ་སློབ་མའི་མཆོག་ཆེས་མང་། འདིར་གཙོ་བོར་གྱུར་པ་ནི། རྗེ་བཙུན་ས་ལོ་ཙ་བ་ཆེན་པོ་སྟེ། འདི་ནི་དང་པོར་འཕགས་པ་འཇམ་དཔལ་དང་། བར་དུ་རིགས་ལྡན་འཇམ་དཔལ་གྲགས་པ། ཐ་མར་བདག་ཉིད་ཆེན་པོ་ས་སྐྱ་པཎྜི་ཏ་ཉིད་སླར་ཡང་རྗེ་བཙུན་ས་སྐྱ་པའི་གདུང་གི་རིགས་དམ་པར་སྤྲུལ་ཏེ་གདན་ས་ཆེན་པོར་རྩེ་གདོང་དུ་སྐུ་བལྟམས། དགུང་ལོ་བཅུ་གཅིག་པའི་ཚེ་གློ་བོ་མཁན་ཆེན་བསོད་ནམས་ལྷུན་གྲུབ་ལས་དགེ་བསྙེན་ཞུས། རྗེ་དཀོན་མཆོག་འཕེལ་བས་རབ་ཏུ་བྱུང་།