[A:༡༢༤ན] དགུང་ལོ་བཅུ་གཉིས་པ་ལ་ཉེ་བའི་ཚེ་རྒྱལ་སྲས་ལམ་བཟང་གི་དགའ་སྟོན་སྤེལ་ཞིང་། བཞི་ཐོག་གི་གདན་སེང་གེའི་ཁྲིར་འཁོད། བཅོ་ལྔ་པའི་ཚེ་ཡོངས་འཛིན་དཀོན་མཆོག་འཕེལ་གྱི་བཀའ་སྩལ་སྤྱི་བོར་བླངས་ཏེ་ཀྱཻ་རྡོར་དང་། རྡོ་རྗེ་ཕུར་པ། གུར་མགོན་རྣམས་ཀྱི་གསུང་བསྙེན་མཛད་པས་ལྷ་སོ་སོའི་ཞལ་གཟིགས་ཏེ་གྲངས་དང་མཚན་མའི་བསྙེན་པ་མཐར་ཕྱིན། ཉི་ཤུ་པའི་ཚེ་མཁན་པོ་དཀོན་མཆོག་འཕེལ་བ། ལས་སློབ་འཇམ་དབྱངས་སངས་རིན། གསང་སྟོན་ར་སྟོན་ཡོན་ཏན་འབྱུང་གནས་རྣམས་ལས་བསྙེན་པར་རྫོགས། མཁན་སློབ་དེ་དག་དང་། གཞན་ཡང་ཞྭ་ལུ་ལོ་ཆེན། ཆག་ལོ་རིན་ཆེན་ཆོས་རྒྱལ་སོགས་སྔ་ཕྱིར་ཡོངས་འཛིན་མང་པོའི་ཞབས་པད་གུས་པས་བསྟེན་སོ་སོའི་ཞལ་གྱི་བུམ་པ་ལས། མདོ་རྒྱུད་ཀྱི་ཟབ་གནད་མང་པོའི་བདུད་རྩི་ངོམ་པར་གསོལ། ཡོངས་འཛིན་དཀོན་མཆོག་འཕེལ། འཇམ་དབྱངས་སངས་རྒྱས་རིན་ཆེན། མཁན་ཆེན་འཇམ་པའི་དབྱངས་དང་གསུམ་པོ་འདི་བླ་མའི་མཆོག་ཏུ་བཟུང་། དེ་ལྟའི་ཡོངས་འཛིན་དག་ལས་མནོས་པའི་གསུང་གི་གསང་བ་ཟབ་མོའི་རྒྱུན་དེ། སླར་ཡང་སྐལ་ལྡན་དག་ལ་ལེགས་པར་འདོམ་པའི་ཚུལ་ནི། བློ་བཟང་ཁྱོད་ཀྱི་མཁྱེན་པའི་དེད་དཔོན་གྱིས། །མཁས་གྲུབ་ཞལ་གྱི་ཆུ་གཏེར་ལས་བླངས་པའི། །དབང་ལུང་མན་ངག་ཡིད་བཞིན་རིན་ཆེན་གྱིས། །ཟབ་ཡངས་ཐུགས་ཀྱི་བང་མཛོད་ལེགས་བཀང་ནས། །སླར་ཡང་སྐྱེ་དགུའི་དབུལ་བ་སེལ་བའི་ཕྱིར། །རྒྱུད་སྡེ་རྣམ་བཞིའི་དགོངས་དོན་