R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༢༥བ
[A:༡༢༥བ]ལུས་ཀྱི་རྣམ་འགྱུར་ཅི་ཡང་ཞིག་སྟོན་པར་མཛད། གདན་ས་ཆེན་པོའི་མཁའ་སྤྱོད་གཟིམ་ཆུང་དུ་ནུབ་ཅིག་གི་མཚན་ལམ་དུ་ས་ཆེན་དང་། འཇམ་དབྱངས་པཎྜི་ཏའི་ཆ་ལུགས་ཅན་ཞིག བིརྺ་པ། ས་པཎ། སློབ་དཔོན་ནག་པོ་སྤྱོད་པ་བ་རྣམས་འབེལ་བའི་གཏམ་མཛད་པའི་དྲུང་དུ་བདག་ཉིད་ཀྱང་འཁོད་དེ། དམ་པའི་ཆོས་ལ་ཐེ་ཚོམ་གྱི་དྲ་བ་མང་དུ་བཅད། ནག་པོ་སྤྱོད་པ་ཉིད་ལ་བདེ་མཆོག་གི་ཟབ་བཅུད་དུ་མ་གསན། གཞུང་དྲུག་རྫོགས་མཚམས་མནལ་སད། ཡང་ལན་ཅིག་རྒོད་ཚང་ཕུག་པར་རྣལ་འབྱོར་མའི་ཞལ་གཟིགས་ཤིང་། ཕྱིས་དུས་མཁའ་སྤྱོད་དུ་གཟིམ་ཆུང་དེར་ཉམས་བཞེས་རྒྱུན་མི་ཐུང་བ་ཞིག་མཛད་པའི་སྐབས་ཤིག བདེ་བ་ཅན་གྱི་ཞིང་ཁམས་ན་རྒྱལ་བ་འོད་དཔག་མེད་དང་། ས་ཆེན་ཡབ་སྲས་སོགས་དང་། རྗེ་སངས་རྒྱས་རིན་ཆེན་རྣམས་བཞུགས་པ་གཟིགས། དེར་ཁྲི་གཉིས་འདུག་པའི་གཅིག་ཏུ་རྗེ་འདི་བཞུགས། གཅིག་ཏུ་གཞན་ཞིག་ཕེབས་རྒྱུ་ཡིན་ཟེར། དེ་དུས་འོད་གསལ་ཆེན་པོའི་ངང་དུ་འོད་དཔག་མེད་ལ་ཆོས་ཀྱི་བདུད་རྩི་ཅི་ཡང་གསོལ། སླར་ཧ་ཅང་མི་རིང་བ་ན་གློ་བོ་མཁན་ཆེན་དག་པའི་ཞིང་དུ་གཤེགས་པས་སྔར་གྱི་མནལ་ལམ་དེ་ལ་ལྟ་བ་འདུག་གསུངས། ལྷ་སའི་ཇོ་བོ་མཇལ་བར་ཕེབས་དུས་ཆུ་བོ་ཆེན་པོའི་འཇིགས་པ་བྱུང་བ། བླ་མ་དང་ཆོས་སྐྱོང་གི་རྣམ་འཕྲུལ་གྱིས་དེ་ལས་གྲོལ་བ་དང་། གཞན་ཡང་འབབ་རོང་གི་གནས་སུ་དགུན་དུས་འཇམ་དབྱངས་མེ་ཏོག་མཚར་སྡུག་མང་པོ་གསར་དུ་སྐྱེས་ཏེ། འཇམ་དབྱངས་དང་ཐུགས་མི་གཉིས་