[A:༡༣ན]དང་། །ཡིད་བཞིན་ནོར་བུ་ཉི་མ་གླུ། །རྒྱལ་པོ་མཛོད་དང་ལམ་པོ་ཆེ། །བཞོན་པ་བཀོད་མའི་ཆུ་དང་ནི། །སྒྲ་སྙན་ཆུ་བོ་སྤྲིན་རྣམས་ཀྱི། །རྣམ་པ་ཉི་ཤུ་རྩ་གཉིས་སོ། །ཞེས་པ་ལྟར་དཔེ་དེ་དག་གི་མཚོན་པའི་དོན་ཉེར་གཉིས་ཀྱིས་ཐེག་ཆེན་གྱི་ལམ་ཐམས་ཅད་བསྡུས་པས་སེམས་བསྐྱེད་ཉེར་གཉིས་སུ་དབྱེ་བ་དང་། ཡུལ་ནི་རྣམ་པ་གསུམ་པོ་རུ། །སྦྱོར་བ་བཞི་ཡི་བདག་ཉིད་དང་། །ཞེས་པ་ལྟར་རྣམ་རྫོགས་སྦྱོར་བ། རྩེ་སྦྱོར། མཐར་གྱིས་པའི་སྦྱོར་བ། སྐད་ཅིག་མའི་སྦྱོར་བ་སྟེ་སྦྱོར་བ་བཞིའམ། གོ་སྒྲུབ། འཇུག་སྒྲུབ། ཚོགས་སྒྲུབ། ངེས་འབྱུང་སྒྲུབ་པ་སྟེ་སྒྲུབ་པ་བཞིར་དབྱེ་བ་དང་། ཐེག་པ་ཐུན་མོང་བ་དང་སྒོ་བསྟུན་ནས་ཚོགས་ལམ། སྦྱོར་ལམ། མཐོང་ལམ། སྒོམ་ལམ་སྟེ་སློབ་པའི་ལམ་བཞིར་དབྱེ་བ་དང་། མདོ་སྡེ་རྒྱན་ལས། བསླབ་གསུམ་དབང་དུ་མཛད་ནས་ནི། །རྒྱལ་བས་ཕ་རོལ་ཕྱིན་པ་དྲུག །ཡང་དག་བཤད་དེ་དང་པོ་གསུམ། །ཐ་མ་གཉིས་ཀྱི་རྣམ་པ་གཉིས། །གཅིག་ནི་གསུམ་ཆར་ལ་ཡང་གཏོགས། །ཞེས་གསུངས་པ་ལྟར། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ། ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ། ལྷག་པ་ཤེས་རབ་ཀྱི་བསླབ་པ་སྟེ་བསླབ་པ་གསུམ་དུ་དབྱེ་བ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལྟ་བུ་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་