R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༢༦བ
[A:༡༢༦བ]བཀྲ་ཤིས། སྤྱན་སྔ་ངག་དབང་ཆོས་གྲགས། ངོར་ཆེན་སངས་རྒྱས་སེང་གེ པཎ་ཆེན་ལེགས་བློ་ལ་སོགས་པ་ཡོངས་འཛིན་མང་པོའི་ཞབས་པད་སྤྱི་བོའི་རྒྱན་དུ་བཀོད་དེ། དབང་ཁྲིད་ལུང་བྱིན་རླབས་རྗེས་གནང་སོགས་གྲངས་མེད་པ་ཞིག་མནོས་ཏེ་གསན་པ་རྒྱ་མཚོའི་མཛོད་བཟུང་། བྱས་འགྱུར་རྡོ་རྗེའི་བྲག་རྫོང་ལ་སོགས་པའི་གནས་མཆོག་མང་པོར་བདེ་ཀྱེ། ཡང་ཕུར་སོགས་ཡི་དམ་དུ་མ་དང་། གུར་ཞལ་སོགས་ཆོས་སྲུང་མང་པོའི་གྲངས་དང་མཚན་མའི་བསྙེན་པ་མཐར་ཕྱིན་པར་མཛད་པས་མཐུ་སྟོབས་དང་ནུས་པའི་བདག་ཉིད་དུ་གྱུར། དམ་ཅན་རྒྱ་མཚོ་བྲན་བཞིན་འཁོལ། སྤྱི་དང་བྱེ་བྲག་གི་བསྟན་པའི་དགྲ་བགེགས་ཚར་བཅད། དེ་དག་གི་མ་འོངས་པའི་སྲིད་པའི་རྒྱུན་ཀྱང་བཅད་རྗེས་སུ་བཟུང་། གཞན་ཡང་རང་སྣང་དུ་དག་པ་རབ་འབྱམས་ལས་མ་གཡོས་ཀྱང་། གཞན་སྣང་དུ་བསྟན་འགྲོའི་ཕྱིར་སྐུ་སྲོག་ཀྱང་གཏོང་བ་ལ་མི་ཞུམ་པའི་རྒྱལ་སྲས་ཀྱི་སྤྱོད་པ་རླབས་པོ་ཆེ་ཁུར་དུ་ཁྱེར་ཏེ། དཀའ་སྤྱད་དྲག་པོས་ཕྱི་ནང་གི་བསྟན་པའི་འགལ་རྐྱེན་ཀུན་བསལ་ནས་ལྷ་མི་ཐམས་ཅད་དབང་དུ་བསྡུས། རྗེ་བཙུན་གོང་མ་དག་གི་བྱིན་གྱིས་བརླབས་པའི་བོད་ཀྱི་རྡོ་རྗེ་གདན་དཔལ་ལྡན་ས་སྐྱའི་གཙུག་ལག་ཁང་རྣམས་སྐྱེ་བོ་མི་སྲུན་པ་དག་གི་བྱེད་པས་བར་སྐབས་སུ་ཉམས་པ་དག་གསོས། སྐུ་གསུང་ཐུགས་ཀྱི་རྟེན་དང་། དེ་དག་མཆོད་པའི་ཡོ་བྱད་ཀྱང་མང་དུ་ཕུལ། གཞན་ཡང་གཙུག་ལག་ཁང་དང་། རྟེན་མཆོད་ངོ་མཚར་ཅན་མང་པོ་གསར་དུ་ཡང་སྤེལ། ཁྱད་