R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༢༧ན
[A:༡༢༧ན]པར་བསྟན་པའི་རྩ་བ་དགེ་འདུན་གྱི་སྡེ་ཆེན་པོ་ཐུབ་བསྟན་ལྷ་ཆེན་དང་། བདེ་བ་ཆེན་པོའི་གླིང་སོགས་ལེགས་པར་བཏབ། བསྟན་པ་དང་མཁས་པའི་བྱ་བ་རྣམ་པ་དྲུག་གི་སྒོ་ནས་རྒྱལ་བསྟན་ཡར་ངོའི་ཟླ་བ་ལྟར་སྤེལ། གཞན་ཡང་བླ་མ་གོང་མའི་དགོངས་པ་རྫོགས་ཐབས་སུ་བདེ་དགེས་གསང་གསུམ་ཡང་ཕུར་སོགས་ཀྱི་དཀྱིལ་འཁོར་སྒྲུབ་མཆོད་རྒྱུད་སྡེ་དང་མཐུན་པའི་ཕྱག་ལེན་གྱིས་བརྒྱན་པ་མང་པོའི་རྒྱུན་ཡང་སྤེལ་ཏེ། མདོར་ན་ཞི་རྒྱས་དབང་དྲག་གི་འཕྲིན་ལས་བཞིའི་ཐབས་ལ་མཁས་པ་སྣ་ཚོགས་པས་གདུལ་བྱ་དག་གང་ལ་གང་འདུལ་གྱི་ཚུལ་གྱིས་ལེགས་པར་བསྐྱངས་ཏེ་འཛིན་མའི་ཁྱོན་འདི་རྫོགས་ལྡན་གྱི་བདེ་བ་ལ་བཀོད་པས་ཆོས་རྒྱལ་མེས་དབོན་སོགས་ཀྱི་རྗེས་སུ་བོད་ཁ་བ་ཅན་གྱི་ལྗོངས་འདིར་བསྟན་པའི་བྱ་བ་རླབས་ཆེན་མཛད་པ་ལ་བདག་ཉིད་ཆེན་པོ་འདི་ལས་ངོ་མཚར་བ་གཞན་མ་བྱུང་བར་ཡོངས་སུ་གྲགས་པ་ཡིན་ནོ། །དེ་ལྟར་བསྟན་པ་དང་སེམས་ཅན་གྱི་དོན་བསམ་གྱིས་མི་ཁྱབ་པ་ཞིག་མཛད་དེ། དགུང་ལོ་རེ་བརྒྱད་བཞེས་པ་ཤིང་སྤྲེལ་ཟླ་བ་བདུན་པའི་ཡར་ཚེས་བཅུ་གཉིས་ཀྱི་ཉིན་གདན་ས་ཆེན་པོའི་བླ་བྲང་ལྷ་ཁང་ཆེན་མོ་དང་ཉེ་བའི་ལྷུན་གྲུབ་ཕོ་བྲང་དུ་ཞི་བར་གཤེགས་སོ། །སྐྱེས་ཆེན་དེ་ལ་སློབ་བུ་མང་དུ་བྱོན་པའི་ནང་ནས། ཆོས་དང་རིགས་སྲས་ཀྱི་ཐུ་བོ་ནི་ཁོ་བོ་ཅག་གི་འདྲེན་པ་དམ་པ་གྲུབ་པའི་དབང་ཕྱུག་པུཎྱ་ཨིནྡྲ་དང་། རྒྱལ་སྲས་སེམས་དཔའ་ཆེན་པོ་གྲགས་པའི་མཚན་ཅན་