R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༢༧བ
[A:༡༢༧བ]ཏེ། ཡབ་སྲས་འདི་གསུམ་གྱི་རྣམ་ཐར་རྒྱས་པ་ནི་ཁོ་བོས་ལོགས་སུ་བཀོད་ཡོད་པས་རྟོགས་པར་འདོད་པ་དག་གིས་དེ་དག་ཏུ་བལྟའོ། །བྱང་སེམས་བོ་དྷི་ས་ཏྭའི་རྣམ་སྤྲུལ་ཡབ་རྗེ་སྦས་པའི་སངས་རྒྱས་སྔགས་འཆང་གྲགས་པའི་མཚན་ཅན་ལས་ཁོ་བོ་ཅག་གི་འདྲེན་པ་དམ་པ་ས་བཅུའི་བྱང་སེམས་ཆེན་པོ་བུདྷ་རཏྣའི་རྣམ་པར་སྤྲུལ་པ་རྒྱལ་བ་མུས་པ་ཆེན་པོ་རྡོ་རྗེ་འཆང་སངས་རྒྱས་རྒྱལ་མཚན་ཞེས་མཚན་ཡོངས་སུ་གྲགས་པ་དེ་ཉིད་ཀྱིས་འཁོར་ལོ་བདེ་མཆོག་ནག་པོ་ལུགས་ཀྱི་སྨིན་བྱེད་ཀྱི་དབང་བསྐུར་བ་ཟབ་མོ་ལེགས་པར་གསན་ཅིང་། དམ་པ་དེ་ཉིད་ཀྱི་དྲུང་དུ་ཁོ་བོ་ཅག་གིས་ཐོབ་པའི་ཚུལ་ནི་འོག་ཏུ་འཆད་དོ། །ཡང་མུས་ཆེན་སེམས་དཔའ་ཆེན་པོ་དཀོན་མཆོག་རྒྱལ་མཚན་ལ་སྤྱིར་བསྟན་འཛིན་གྱི་སློབ་བུ་ནམ་མཁའི་སྐར་ཕྲན་ལྟ་བུ་ཆེས་མང་བ་ཞིག་བྱོན་ཞིང་། ཁྱད་པར་འཁོར་ལོ་བདེ་མཆོག་གི་རྒྱུད་པ་འཛིན་པ་ཡང་ཡོངས་རྫོགས་མཁས་པའི་དབང་པོ་གོ་རམས་ཆེན་པོ། གྲུབ་པའི་ས་ལ་བཞུགས་པ་དཀོན་མཆོག་བློ་གྲོས། སྙན་བརྒྱུད་གདམས་པའི་གཏེར་ཆེན་ཞྭ་ལུ་བ་སངས་རྒྱས་དཔལ་བཟང་སོགས་མང་དུ་བྱོན་པ་ལས། ཀུན་མཁྱེན་ཆེན་པོ་ནི་སྟོན་པ་འདས་ནས་ལོ་སུམ་སྟོང་ལྔ་བརྒྱ་དང་རེ་གཉིས་ལོན་པའི་ཚེ་མདོ་ཁམས་སུ་བྱོན། དགུང་ལོ་བཅུ་པའི་ཚེ་བྱང་སེམས་ཀུན་དགའ་འབུམ་ལ་རབ་ཏུ་བྱུང་། དེ་ནས་དགུང་ལོ་བཅུ་དགུ་བཞེས་ཀྱི་བར་དུ་མཁན་པོ་དེ་དང་། གོ་རམ་ཤེས་རབ་དཔལ་བ་སོགས་བསྟེན་ཏེ། གཞུང་ཆེན་བཅུ་གསུམ་མགྲིན་པའི་ལམ་ནས་རྒྱུ་ཞིང་ལྡོན་པར་མཛད་དེ། གོ་རབ་