[A:༡༢༨ན]འབྱམས་པ་ཞེས་སྔ་མོ་ཉིད་ནས་གྲགས། ཉི་ཤུ་པའི་ཚེ་གོ་རབ་ཤེས་རབ་དཔལ་གྱིས། རབ་འབྱམས་ལ་སོགས་བཤེས་གཉེན་བརྒྱ་རྩ་གཅིག བརྒྱ་འབུལ་གྱི་རྣམ་གྲངས་མང་དུ་བཀོད་པའི་དཀྱུས་ཀྱི་ཐོག་མར་བཀོད་དེ། རོང་སྟོན་ཆེན་པོ་དགུང་ལོ་བརྒྱད་ཅུ་རྩ་གཉིས་པ། ཆོས་གྲྭ་ན་ལེནྡྲ་བཏབ་ནས་ལོ་བཅུ་གསུམ་ལོན་པའི་ཚེ་ཕུལ། རོང་སྟོན་ཆེན་པོའི་གསུང་གི་བཅུད་མྱངས་ཏེ། ལོ་གཉིས་ལོན་པ་ན་རོང་སྟོན་ཆེན་པོ་དག་པའི་ཞིང་དུ་གཤེགས། དེའི་ཚེ་འབྲས་ཡུལ་སྐྱིད་ཚལ་གྱི་ཆོས་གྲྭ་གསར་དུ་བཙུགས་པའི་དུས། བྱམས་ཆེན་རབ་འབྱམས་པའི་ཞབས་ཀྱི་པདྨོར་གཏུགས། ལོ་ངོ་ལྔ་ལ་མདོ་ཕྱོགས་ཀྱི་གནད་མ་ལུས་པའི་སྒྲོ་འདོགས་བཅད་དེ། ཉེར་ལྔ་པའི་ལོ་ཨེ་ཝྃ་ཆོས་ལྡན་དུ་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་ཞབས་པད་བསྟེན། ཉེར་གཅིག་པའི་ཚེ་ངོར་ཆེན་རྡོ་རྗེ་འཆང་། སེམས་དཔའ་ཆེན་པོ་དཀོན་མཆོག་རྒྱལ་མཚན། སྡོམ་བརྩོན་སངས་རྒྱས་དཔལ་བཟང་རྣམས་ཀྱིས་མཁན་པོ་དང་ལས་གསང་མཛད་དེ་བསྙེན་པར་རྫོགས། ལོ་བཞིའི་བར་ངོར་ཆེན་ཉིད་ལ་གསུང་ངག་སོགས་རྒྱུད་མན་ངག་གསན། ཉེར་དགུ་པའི་ཚེ་ངོར་ཆེན་དག་པའི་ཞིང་དུ་གཤེགས་ནས། སེམས་དཔའ་ཆེན་པོ་སོགས་ཡོངས་འཛིན་དུ་མ་ལས་རྒྱུད་མན་ངག་གི་ཟབ་བཅུད་བླངས་ཏེ་ལོ་ངོ་བཞི་ལ་རྒྱུད་མན་ངག་གི་སྒྲོ་འདོགས་བཅད་དེ། སོ་གཉིས་པའི་ཚེ་མདོ་ཁམས་ཕྱོགས་སུ་འབྱོན་པའི་དགོངས་པ་གཏད་དེ། འབྲས་ཡུལ་དུ་ཕེབས་པ་ན་རབ་འབྱམས་ཆོས་རྗེས་ཐུགས་བརྩེའི་ལྕགས་