R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༢༨བ
[A:༡༢༨བ]ཀྱུས་བཟུང་སྟེ། སོ་གསུམ་པ་ནས་སོ་དྲུག་པའི་བར་འབྲས་ཡུལ་གྱི་ཟུར་འཆད་པ་མཛད་དེ་བློ་གསལ་དག་གི་ཡིད་གསོས། ཀྱཻ་རྡོ་རྗེའི་གཞི་བསྙེན་དང་། སྡོམ་གསུམ་ཊིཀ་ཆེན། ཡུམ་དོན་རབ་གསལ་སོགས་རྩོམ་པའི་སྒོ་ཡང་ཕྱེ། སླར་ཡང་མུས་ཆེན་ཉིད་ཀྱི་ཐུགས་རྗེའི་ཞགས་པས་དྲངས་ཏེ། སོ་བདུན་པའི་ཚེ་མུས་སུ་བྱོན་འཁོར་ལོ་བདེ་མཆོག་གི་ཆོས་སྐོར་སོགས་ཟབ་ཆོས་མང་དུ་གསན། གསང་འདུས་རྩོད་སྤོངས་སོགས་མཛད། སོ་བརྒྱད་པའི་ཚེ་མུས་ཆེན་ཆོས་རྒྱལ་རྣམ་རྒྱལ་གྲགས་བཟང་གིས་བྱང་ངམ་རིང་དུ་སྤྱན་དྲངས་པའི་ཞབས་འབྲིང་དུ་འཁོད་དེ། བློ་གསལ་འགའ་ལ་ལེགས་བཤད་ཀྱི་སྐྱེས་དང་། ཀུན་རིག་དང་། ཀྱཻ་རྡོར་རྩོད་སྤོངས་སོགས་རྩོམ་གྱི་མེ་ཏོག་ཁ་ཕྱེ། ལོ་དེ་ལ་བློ་གསལ་དོན་གཉེར་བཅུ་ཕྲག་བཞི་དང་བཅས་རིན་སྤུངས་ནང་སོ་དཔོན་བློན་གྱིས་མཐུན་པའི་རྐྱེན་སྦྱར་ཏེ་རྟ་ནག་གསེར་གླིང་དུ་ཆོས་ཀྱི་གྲྭ་བཙུགས། དེ་ནས་བཟུང་དགུང་ལོ་ཞེ་ལྔའི་བར་ལོ་བརྒྱད་ཀྱི་རིང་ལ་བློ་གསལ་ཧ་ཅང་མང་བ་མ་ཡིན་པའི་དོན་གཉེར་ཤ་སྟག་ལ་འཆད་པའི་དབྱངས་ཀྱིས་ངལ་གསོས། ཞེ་ལྔ་པ་དེ་ཉིད་ལ་ཆོས་གྲྭ་ཆེན་པོ་ཐུབ་བསྟན་རྣམ་རྒྱལ་བཏབ། འདུས་པའི་ཚོགས་ཆེན་པོ་ལ་མདོ་སྔགས་ཀྱི་དགའ་སྟོན་ངོ་མཚར་རྨད་དུ་བྱུང་བས། སྤྱིར་བསྟན་པའི་སྙིང་པོ་ཁྱད་པར་སྡོམ་རིག་གི་བསྟན་པ་རྨ་མེད་པ་སོར་ཆུད། ལྔ་བཅུ་རྩ་ལྔ་པའི་ཚེ་ཨེ་ཝྃ་ཆོས་ལྡན་གྱི་གདན་ས་མཛད་དེ། ང་དགུའི་བར་ལོ་ངོ་བཞིར་རྡོ་རྗེ་འཆང་ཡབ་སྲས་ཀྱི་དགོངས་པ་རྫོགས་པར་མཛད། ཡོངས་འཛིན་དཀོན་མཆོག་འཕེལ་རྒྱལ་ཚབ་ཏུ་དབང་བསྐུར་ཏེ། སླར་ཡང་ཐུབ་