R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༢༩ན
[A:༡༢༩ན]བསྟན་རྣམ་རྒྱལ་ཉིད་དུ་ཕེབས་སྐལ་ལྡན་རྣམས་ལ་མདོ་སྔགས་ཀྱི་བཀའ་དྲིན་སྩལ། རེ་གཅིག་པའི་ཚེ་དཔལ་ལྡན་ས་སྐྱར་ཆོས་ཀྱི་དགའ་སྟོན་སྤེལ། ཚུར་ལམ་སྔོན་མོ་རྫོང་དུ་ཆོས་ཀྱི་བདུད་རྩི་སྩོལ་བའི་ཚེ་ཞི་བར་གཤེགས་སོ། །དམ་པ་དེ་ཉིད་ལས་ཡོངས་འཛིན་དཀོན་མཆོག་འཕེལ་བས་འཁོར་ལོ་བདེ་མཆོག་སོགས་རྒྱུད་མན་ངག་གི་བཅུད་ངོམ་པར་གསོལ་ཞིང་། འདི་ནི་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་ཕུལ་དུ་བརྙེས་ཤིང་། རྡོ་རྗེ་འཆང་གི་གདན་སར་བཞུགས་ཏེ་གསུང་ངག་སོགས་ཆོས་ཚུལ་མཐའ་ཡས་པའི་བཤད་སྒྲུབ་ཀྱི་སྒོ་ནས་བསྟན་པའི་འཛིན་སྐྱོང་དང་། གདུལ་བྱ་སྐལ་ལྡན་མང་པོ་སྨིན་གྲོལ་ལ་བཀོད། རྗེ་བཙུན་ས་སྐྱ་པའི་གདུང་རྒྱུད་མང་པོའི་བླ་མར་གྱུར་པས་འཕྲིན་ལས་ཀྱང་ནམ་མཁའ་དང་མཉམ་པའི་ཡོངས་འཛིན་དམ་པ་གཉིས་ཀ་ཡིན་ནོ། །ཡང་གྲུབ་ཆེན་དཀོན་མཆོག་བློ་གྲོས་ནི། སེམས་དཔའ་ཆེན་པོ་ཉིད་ཀྱི་སྐུའི་དབོན་པོ་མུས་ཆེན་ཉིད་ལས་རབ་ཏུ་བྱུང་ཞིང་། གསུང་གི་བདུད་རྩི་ལེགས་པར་གསོལ་བས་གསན་པ་རྒྱ་མཚོ་ལྟ་བུ་མངའ། གླིང་དགའ་བདེ་བ་ཅན་དུ་འཆད་ཉན་གྱི་སྒོ་ནས་བསྟན་འགྲོའི་དོན་དཔག་ཏུ་མེད་པ་མཛད་ཅིང་། སེམས་དཔའ་ཆེན་པོ་ལ་ཆོས་རྒྱལ་ནམ་མཁའ་རྡོ་རྗེ་བས། རྗེའི་ཞལ་སློབ་བདག་ཚོའི་བླ་མའི་འོས་མུས་ན་ཅི་འདྲ་བདོག་ཞུས་པས། བདག་གི་ཚ་བོ་དཀོན་མཆོག་བློ་གྲོས་ཞེས་པ་དབང་དང་བྱིན་རླབས་བསྐུར་མཁས་པ་ལམ་སྣ་ཟིན་ཙམ་ཞིག་དང་། སློབ་དཔོན་སངས་རྒྱས་དཔལ་བཟང་ཞེས་པ་སྤྱི་དང་བྱེ་བྲག་གི་ཆོས་ལ་མཁས་པ་