R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༢༩བ
[A:༡༢༩བ]ཞིག་བདོག་པས་དེ་གཉིས་ལ་བཅོལ་བས་ཡོང་བ་ཡོད་གསུངས་པས་གདུལ་བྱའི་སྣང་ངོར་ཡང་ལམ་སྣ་ཟིན་པར་ཡོངས་སུ་གྲགས་ཤིང་། རིམ་གཉིས་ཀྱི་ཉམས་བཞེས་ཟབ་མོ་ལས་སྐད་ཅིག་ཀྱང་གཡེལ་བ་མི་མངའ་བས་ཏིང་ངེ་འཛིན་གྱི་རྟོགས་པ་བརྟན་ཅིང་མངོན་པར་མཁྱེན་པ་ཐོགས་མེད་དུ་མངའ་བའི་གྲུབ་པའི་དབང་ཕྱུག་ཆེན་པོ་འཁོར་ལོ་བདེ་མཆོག་གི་ཆོས་སྐོར་འདི་ལ་བཀའ་དྲིན་མཆོག་ཏུ་ཆེ་བ་ཞིག་ཡིན་ནོ། །དེ་ལྟར་ཀུན་མཁྱེན་ཆེན་པོ་དང་། ཡོངས་འཛིན་དཀོན་མཆོག་འཕེལ། གྲུབ་ཆེན་དཀོན་བློ་དང་གསུམ་ཆར་གྱིས་རྗེས་སུ་བཟུང་ཞིང་རྒྱུད་བྱིན་གྱིས་བརླབས་པ་ནི་འཇམ་དབྱངས་སངས་རྒྱས་རིན་ཆེན་ཏེ། འདི་ནི་མུས་ཆེན་སེམས་དཔའ་ཆེན་པོའི་དབོན་པོ་ཞིག་གི་སྲས་ཡིན་ཞིང་། ཆུ་མོ་བྱ་ལོ་མུས་སྟོད་གླིང་སྐྱར་འཁྲུངས། བཅུ་གཅིག་པའི་ཚེ་སེམས་དཔའ་ཆེན་པོ་ལ་དགེ་ཚུལ་ཞུས་གསུང་ངག་ལན་གསུམ་དང་། བདེ་མཆོག་གསང་འདུས་སོགས་ཟབ་ཆོས་མང་པོས་བདག་བློའི་བུམ་པ་གང་བར་མཛད། ཀུན་མཁྱེན་ཆེན་པོའི་དྲུང་དུ། ཕར་ཚད་འདུལ་བ་སྡོམ་གསུམ་སོགས་པ་མང་པོ་ལ་གསན་སྦྱོང་དང་། ཁྱད་པར་གསུང་ངག་ཚར་གསུམ། བདེ་མཆོག་གི་དབང་ཁྲིད་རྒྱུད་བཤད་སོགས་མང་པོའི་བཅུད་མྱངས། གྲུབ་ཆེན་དཀོན་བློ་ལ་ལམ་འབྲས་ཚར་དྲུག་སོགས་ཟབ་དགུའི་ཆོས་ཀྱི་དགའ་སྟོན་ཐོབ། རྒྱུན་གྱི་ཉམས་བཞེས་གཙོ་བོར་ལམ་འབྲས་ཀྱི་ཐུན་བཞི་དང་འཁོར་ལོ་བདེ་མཆོག་ལ་མཛད་ཅིང་། རིམ་གཉིས་ཀྱི་རྟོགས་པ་མཆོག་ཏུ་བརྟན། དངོས་དང་