R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༣༠ན
[A:༡༣༠ན]མནལ་ལམ་དུ་བླ་མ་དང་ཡི་དམ་མང་པོའི་ཞལ་གཟིགས། མ་འོངས་པ་མཁྱེན་པའི་མངོན་ཤེས་མངའ། བསྟན་པའི་བྱ་བ་རྒྱུད་སྡེ་ནས་བཤད་པའི་དཀྱིལ་འཁོར་ཟུར་བཀའ་བརྒྱད་ཅུ་རྩ་གཉིས་ཙམ་གྱི་དབང་ལན་གྲངས་དུ་མ་དང་། གསུང་ངག་ལམ་འབྲས་ཚར་ལྔ་བཅུ་ང་གཅིག གཞན་བྱིན་རླབས་རྗེས་གནང་ལུང་བཤད་སོགས་བསམ་གྱིས་མི་ཁྱབ་ཅིང་། རབ་བྱུང་བསྙེན་རྫོགས་སོགས་མཛད་པ་ནི་བགྲང་བར་མི་བཟོད་པས་འཕྲིན་ལས་ནམ་མཁའ་དང་མཉམ་པའི་སྒོ་ནས་སྐལ་ལྡན་མང་པོ་སྨིན་པར་མཛད་དེ། དགུང་ལོ་དོན་གཉིས་པ་ཤིང་ཕོ་སྤྲེའུའི་ལོ་ཁྲུམས་ཟླ་བའི་ཚེས་བཅུའི་ཐོ་རངས་རྒྱུད་སྡེ་ནས་བཤད་པའི་འདའ་ཁ་མ་ཟབ་མོ་གསལ་བཏབ་སྟེ། མདུན་གྱི་ནམ་མཁར་བླ་མ་ཡི་དམ་མཁའ་འགྲོའི་ཚོགས་བཞུགས་པ་ལ་སྤྱན་གྱིས་གཟིགས་ནས་ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་མཛད་བཞིན་པར་དགོངས་པ་འོད་གསལ་ཕྱག་རྒྱ་ཆེན་པོའི་ངང་དུ་ཐིམ་པའི་ཚུལ་བསྟན། དེ་ནས་ཚེས་བཅུ་གཉིས་ཀྱི་ཐོ་རངས་ཐུགས་དམ་ལས་བཞེངས་ནས་ཐོགས་པ་མེད་པར་བདེ་བ་ཅན་ན་རྗེ་བླ་མ་ཡབ་སྲས་བཞུགས་པའི་དྲུང་དུ་གཤེགས་སོ། །དམ་པ་དེ་ཉིད་ཀྱི་དྲུང་དུ་ས་ལོ་ཐམས་ཅད་མཁྱེན་པས་འཁོར་ལོ་བདེ་མཆོག་གི་ཆོས་སྐོར་ཀྱང་ཡོངས་སུ་རྫོགས་པ་གསན་པ་ཡིན་ཏེ། ས་ལོ་ཉིད་ཀྱི་གསུང་ལས། འཇིག་རྟེན་དབང་ཕྱུག་བུདྷ་རཏྣ་ལས། །སྔར་གྱི་གདམས་ངག་ཕལ་ཆེར་བསྐྱར་ནས་ཞུས། །ཞེས་གློ་བོ་མཁན་ཆེན་སོགས་ལ་སྔར་གསན་པའི་བདེ་མཆོག་གི་ཆོས་སྐོར་རྣམས་སླར་ཡང་རྗེ་ཉིད་ལ་གསན་པར་གསུངས་པས་སོ། །ཡང་མུས་ཆེན་