[A:༡༣༠བ]སེམས་དཔའ་ཆེན་པོའི་ཐུགས་སྲས་སྙན་བརྒྱུད་གདམས་པའི་གཏེར་ཆེན་ཞྭ་ལུ་བ་སངས་རྒྱས་དཔལ་བཟང་ནི་ཡོན་ཏན་རིན་པོ་ཆེ་དུ་མའི་འབྱུང་གནས་དཔལ་ས་སྐྱ་ནས་ཤར་ཕྱོགས་སུ་དཔག་ཚད་འགའ་ཞིག་བགྲོད་པའི་ཆ་དཔལ་རྣམ་ཞེས་བྱ་བའི་ཆར་འཁྲུངས། དགུང་ལོ་དགུ་པའི་ཚེ་ཡོངས་འཛིན་དཔལ་སྐྱོང་བ་དང་། སློབ་དཔོན་ཀུན་དགའ་དཔལ་བཟང་། མཁས་དབང་གྲགས་པ་རྒྱལ་མཚན་རྣམས་ལས་ཞྭ་ལུར་རབ་བྱུང་ཞུས། བཅུ་དགུའི་བར་དུ་མཁན་པོ་དེ་ལས་ལུང་རིགས་ཀྱི་བཅུད་བླངས། ཉི་ཤུ་པ་ལ་སྔར་གྱི་མཁན་སློབ་སོགས་ལས་བསྙེན་རྫོགས་ཞུས། སློབ་དཔོན་ཀུན་དཔལ་བའི་དྲུང་དུ་དབུ་མ། མངོན་པ། བྱམས་ཆོས་སོགས་སྡེ་སྣོད་ལ་སྦྱངས་པ་ལྷུར་མཛད་དེ་གཞུང་ཆེན་བཅུ་ལ་གྲྭ་སྐོར་གྱི་དགའ་སྟོན་སྤེལ། དེ་ལྟའི་སྐབས་ཤིག་ནས་ཆོས་གྲྭ་བྲང་མོ་ཆེའི་སློབ་དཔོན་ལོ་བདུན་གྱི་བར་མཛད། སླར་བྱམས་མགོན་གཉིས་པ་སེམས་དཔའ་ཆེན་པོ་གཞོན་ནུ་རྒྱལ་མཆོག་གི་དྲུང་དུ་གངས་བུ་ལེར་བྱོན། ཐར་པའི་རྩ་བ་བྱང་ཆུབ་ཀྱི་སེམས་ལུགས་གཉིས་ཀྱི་ཆོ་གས་ཐུགས་སུ་ཆུད་པར་མཛད། སྡེ་སྣོད་ཀྱི་བཤད་པའི་བཀའ་བགྲང་བར་མི་བཟོད་པ་ཞིག་དང་། ཕ་རོལ་ཏུ་ཕྱིན་པའི་ལམ་གྱི་སྙིང་པོའི་ཟབ་ཁྲིད་དུ་མའི་བཅུད་འཐུངས་ཤིང་རྗེ་དེའི་ཞབས་འབྲིང་པ་རྒྱུན་མི་ཐུང་ཙམ་ཞུས་སྐབས། རྗེ་མུས་ཆེན་སེམས་དཔའ་ཆེན་པོ་དང་མཇལ། ཐོག་མར་རོང་སྟོན་གྱི་ཕར་ཕྱིན་ཁྲིད་ཡིག་གིས་ལུང་ཁྲིད་ཀྱི་ཆོས་ཀྱི་སྒོ་ཕྱེ། དེ་མཚམས་སེམས་དཔའ་