R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༣༡ན
[A:༡༣༡ན]ཆེན་པོ་གཞོན་ནུ་རྒྱལ་མཆོག་དགའ་ལྡན་དུ་ཕེབས་པ་ན། རྡོ་རྗེ་ཐེག་པའི་མྱུར་ལམ་དུ་འཇུག་འདོད་ཀྱི་འདུན་པས་བསྐུལ་ཏེ་མུས་སུ་རྗེ་སེམས་དཔའ་ཆེན་པོ་དཀོན་མཆོག་རྒྱལ་མཚན་བཞུགས་པའི་དྲུང་དུ་གདན་བཏེགས། ཞབས་པད་ཡུན་རིང་དུ་བསྟེན་བདེ་ཀྱེ་གསང་གསུམ་གཙོ་བོར་གྱུར་པའི་རྒྱུད་མན་ངག་གི་ཟབ་བཅུད་ངོམས་པར་གསོལ། དགུང་ལོ་ལྔ་བཅུ་པའི་ཚེ་ཡུམ་གཤེགས་ཏེ་རྗེ་སེམས་དཔའ་ཆེན་པོ་ལ་དེར་འགྲོ་བར་ཞུས་པས། ཕྱིན་ནས་ཕན་རྒྱུ་མེད། དེ་བས་མའི་དོན་དུ་བདེ་མཆོག་གི་བསྙེན་པ་གྱིས་གསུངས་པས་བཀའི་ཅོད་པན་སྤྱི་བོར་བཅིངས་པས། འོད་གསལ་དུ་ཡུམ་འཁོར་བ་ནས་དྲངས་པའི་མཚན་མ་བརྙེས། གཞན་ཡང་ཡོན་ཏན་གྱི་ཁྱད་པར་བདག་གཞན་གྱི་བདེ་སྡུག་དངོས་སུ་བརྗེ་ནུས། བསྐྱེད་རིམ་ལ་བརྟན་པ་ཐོབ། རྫོགས་རིམ་མངོན་དུ་གྱུར་པས། རྗེ་མུས་ཆེན་འཁོར་ལོ་བདེ་མཆོག་ཏུ་གསལ་བར་གཟིགས། གྲུབ་ཆེན་དཀོན་བློ་ལ་གུར་མགོན་བཅུ་གཉིས་མའི་རྗེས་གནང་གི་ཟབ་གནད་ནོད་པའི་ཚེ་མགོན་དེ་གུར་མགོན་ཉིད་དུ་མངོན་སུམ་དུ་གཟིགས་ཤིང་། དེ་ཉིད་ཀྱིས་ཀྱང་རྗེ་འདི་ཀྱེ་རྡོར་དུ་གསལ་བར་སྣང་བ་སོགས་རྟོགས་པའི་ཡོན་ཏན་དཔག་ཏུ་མེད། གཞན་དོན་མཛད་པའི་ཚེ་ཡང་དགེ་བསྙེན། དགེ་ཚུལ། དགེ་སློང་སོགས་བསྐྲུན་པའི་གྲངས་ནི་བགྲང་བ་ལས་འདས་ཤིང་། ཕར་ཕྱིན་ལམ་གྱི་རྩ་བ་ཐེག་ཆེན་སེམས་བསྐྱེད་གསང་སྔགས་ལམ་གྱི་རྩ་བ་སྨིན་བྱེད་ཀྱི་དབང་བསྐུར་བ། གྲོལ་བྱེད་ཀྱི་ཁྲིད་སྟོན་པ། རྣམ་དག་རྒྱུད་ཀྱི་བཤད་བཀའ་སོགས་