R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༣བ
[A:༡༣བ]དངོས་པོ་དང་། ཚུལ་ཁྲིམས་ཀྱི་ཕར་ཕྱིན་ལྟ་བུ་ཚུལ་ཁྲིམས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དང་། བཟོད་པ་བརྩོན་འགྲུས་བསམ་གཏན་ཤེས་རབ་ཕར་ཕྱིན་ལྟ་བུ་བསྒོམ་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་སྟེ་བསོད་ནམས་བྱ་བའི་དངོས་པོ་གསུམ་དུ་དབྱེ་བ་དང་། བྱང་ཕྱོགས་སོ་བདུན་དུ་དབྱེ་བ་ལ་སོགས་པ་དབྱེ་སྒོ་བཅུ་གཅིག་ཙམ་གསུངས་ཤིང་། འདི་དག་ཀྱང་རྣམ་གྲངས་དང་གཙོ་ཆེ་བ་སོགས་ཀྱི་སྒོ་ནས་དབྱེ་བ་ཡིན་གྱི། གྲངས་ངེས་ཀྱི་དབྱེ་བ་ནི་མ་ཡིན་ཏེ། མི་ཟད་པ་བརྒྱད་ཅུར་དབྱེ་བ་ལྟ་བུ་མང་པོའི་དབྱེ་སྒོ་ནི་མི་དགོས་ཤིང་། བསྡུ་དངོས་བཞིར་དབྱེ་བ་ལྟ་བུ་ལ་མི་འདུ་བའི་སྐྱོན་ཡང་ཡོད་པས་སོ། །དེ་ལྟར་བསག་བྱའི་ཚོགས་ལ་རྣམ་གྲངས་ཤིན་ཏུ་མང་བ་ཞིག་གསུངས་མོད་ཀྱང་། སློབ་པ་ལམ་གྱི་གནས་སྐབས་ཀྱི་ཚོགས་ཐམས་ཅད་བསྡུ་ན་ཕ་རོལ་ཏུ་ཕྱིན་པ་བཅུར་འདུས། དེ་དག་ཕར་ཕྱིན་དྲུག་ཏུ་འདུས། དེ་དག་བསླབ་པ་གསུམ་མམ། བསོད་ནམས་བྱ་བའི་དངོས་པོ་གསུམ་དུ་འདུས། དེ་དག་བསོད་ནམས་ཀྱི་ཚོགས་དང་། ཡེ་ཤེས་ཀྱི་ཚོགས་གཉིས་སམ། ཐབས་དང་ཤེས་རབ་གཉིས་སུ་འདུས། དེ་ཡང་སྟོང་ཉིད་སྙིང་པོ་ཅན། རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་དུ་འདུས་པ་ཡིན་ལ། དེས་ན་ཉམས་སུ་ལེན་པའི་ཚེ་ཐབས་ཤེས་ཟུང་འཇུག་གམ་ཚོགས་གཉིས་ཟུང་འཇུག་ཏུ་ཉམས་སུ་ལེན་དགོས་ཤིང་དེ་ལྟར་བླངས་པས་འཐོབ་བྱ་སྐུ་གཉིས་ཟུང་འཇུག་ཐོབ་པར་འགྱུར་བ་ཡིན་ཏེ། རིན་ཆེན་ཕྲེང་བར། སངས་རྒྱས་རྣམས་ཀྱི་གཟུགས་སྐུ་ནི། །བསོད་ནམས་ཚོགས་ལས་འཁྲུངས་པ་སྟེ། །ཆོས་ཀྱི་སྐུ་ནི་མདོར་བསྡུ་ན། །རྒྱལ་པོ་ཡེ་ཤེས་ཚོགས་ལས་འཁྲུངས། །ཞེས་དང་། རིགས་པ་དྲུག་ཅུ་པར། བསོད་ནམས་ཡེ་ཤེས་ལས་བྱུང་བའི། །དམ་པ་གཉིས་པོ་འཐོབ་པར་ཤོག །ཅེས་གསུངས་པས་སོ། །གཉིས་པ་ཇི་ཙམ་གསོག་པའི་དུས་ནི། །