R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༣༢བ
[A:༡༣༢བ]ཡི་དམ་བརྟན་པོ་གསོས་བཏབ་སྟེ། རྗེ་ངོར་པའི་རིང་ལུགས་ལས་འོངས་པའི་ཟབ་བཅུད་དག་གསོལ་བར་དགོངས་ནས། གླིང་དགའ་བདེ་བ་ཅན་ན་རྗེ་མུས་ཆེན་བཞུགས་པའི་དྲུང་དུ་བྱོན་ཏེ། ཐོག་མར་རྗེ་སེམས་དཔའ་ཆེན་པོས་མཁན་པོ། ལས་སློབ་རྗེ་ཀུན་དགའ་དབང་ཕྱུག གསང་སྟོན་གྲུབ་ཆེན་དཀོན་བློ་རྣམས་ལས་བསྙེན་པར་རྫོགས། དེ་ནས་མཁན་པོ་དེ་ལ་གསུང་ངག་སོགས་ཟབ་བཅུད་མང་དུ་མནོས། སྐབས་དེར་རྗེ་སེམས་དཔའ་ཆེན་པོ་གཤེགས་པས། སེམས་དཔའ་ཆེན་པོ་དཀོན་མཆོག་འབངས་དང་དཀོན་མཆོག་རྒྱལ་མཚན་གཉིས་ཀྱི་སྲས་ཀྱི་ཐུ་བོ། རྗེ་སངས་རྒྱས་དཔལ་བཟང་ཡ་མ་བདེ་ལྡན་ཕུག་ན་བཞུགས་པའི་སྤྱན་སྔར་ཕེབས་ཏེ། དེ་ཉིད་ལ་འཁོར་ལོ་བདེ་མཆོག་གཙོ་བོར་གྱུར་པའི་རྒྱུད་མན་ངག་གི་ཟབ་གནད་བུམ་པ་གང་བྱོའི་ཚུལ་དུ་གསན། སྤྱིར་ཡང་བདེ་མཆོག་གསན་པའི་བླ་མ་དྲུག་ཙམ་བསྟེན་ཏེ་ཆོས་སྐོར་འདིའི་བདག་པོ་ལྟ་བུར་གྱུར། གཞན་ཡང་བདག་ཆེན་བློ་གྲོས་རྒྱལ་མཚན། ཆོས་རྗེ་གུང་རུ། ཀུན་མཁྱེན་ཆེན་པོ། གྲུབ་ཆེན་དཀོན་བློ། རྗེ་དཔལ་ལྡན་རྡོ་རྗེ། སྲད་པ་ཀུན་བློ་སོགས་ཡོངས་འཛིན་དུ་མའི་ཞབས་པད་བསྟེན་གསན་པ་རྒྱ་མཚོའི་མཐར་སོན། དེ་དག་གི་ནང་ནས་སྲད་པ་ཀུན་བློ་འདི་འཕྲལ་ཀུན་སྤྱོད་རྩིང་བ་འདྲ་ཞིག་ཡོད་པས། རྗེ་འདིས་བླ་མ་འདི་ལ་ལམ་སྐོར་ཕྱི་མ་གསན་པའི་ཚེ་ཐུགས་ལ་འདི་ལ་ངོར་ཆེན་གྱི་མན་ངག་སྙན་བརྒྱུད་མ་ཆད་པ་རང་ཨེ་ཡོད་དམ་སྙམ་པ་ཞིག་འཁྲུངས་པའི་ནུབ་