[A:༡༣༣བ]གཉིས་སོགས་རྒྱུད་བཤད་དུ་མ་དང་བཅས་འཆད་པའི་དགའ་སྟོན་སྤེལ་བ་ཡང་དཔག་ཏུ་མེད། བཤད་པ་དེ་རྣམས་ཀྱང་གོང་མའི་གསུང་དང་མི་འགལ་ཞིང་། ཚིག་དོན་བཟུང་སླ་གོ་བདེ་ཆོད་ཆེ་བ་སོགས་འཆད་པའི་ཡོན་ཏན་དུ་མ་དང་ལྡན་པ་ཞིག་ཡིན་ནོ་ཞེས་ཐོས་ལ། མདོར་ན་དགུང་ལོ་དོན་གསུམ་གྱི་བར་དུ་བསྟན་པའི་བྱ་བ་ཁོ་ན་མཛད་དེ། ལོ་དེ་ཉིད་ཀྱི་ཚེ་ས་སྐྱ་པ་ཆེན་པོ་རྗེ་སངས་རྒྱས་དཔལ་བཟང་གི་རྣམ་པར་བྱོན་ཏེ། ད་ལོ་ཁྱོད་ཞིང་གཞན་དུ་འགྲོ་གསུངས་པ་དང་། ཡང་ནུབ་ཅིག་མཁའ་འགྲོ་མ་གཉིས་བྱུང་ནས། རྣལ་འབྱོར་པ་ཁྱོད་ནི་ནུབ་ཕྱོགས་ཀྱི་ཞིང་དུ་འགྲོའོ་ཞེས་ཟེར་ཞིང་གླུ་གར་གྱི་བསུ་བ་དང་བཅས། འཁོར་ལོ་བདེ་མཆོག་གི་བསྐྱེད་རྫོགས་ལམ་ཟབ་མོ་བླ་མའི་རྣལ་འབྱོར། ན་རོ་མཁའ་སྤྱོད་ཀྱི་བསྐྱེད་རྫོགས་སོགས་ཐུགས་དམ་ཟབ་མོ་ལ་རྩེ་གཅིག་པའི་ངང་ནས་ཟླ་བ་དང་པོའི་ཉེར་གཅིག་ལ་ཞི་བར་གཤེགས། དེ་ནས་གནམ་གང་གི་བར་ཐུགས་དམ་ཉིད་ལ་ཞུགས། དེ་ལས་གྲོལ་བ་ན་མེ་ཏོག་གི་ཆར་དང་། འཇའི་གུར་ཕུབ་པ་སོགས་དང་། སྤུར་སྦྱངས་པའི་ཚེ་གདུང་རུས་དག་ལ་སྟོན་པ་སངས་རྒྱས་དང་། རྡོ་རྗེ་རྣལ་འབྱོར་མའི་སྐུ་ཤིན་ཏུ་གསལ་བ་དག་དང་། རིང་བསྲེལ་གྱི་གྲངས་ཀྱང་མང་བར་བྱོན་པ་སོགས་ཆེས་ངོ་མཚར་བ་དུ་མ་བྱུང་ངོ་། །དེ་ལ་སློབ་བུ་མང་དུ་བྱོན་པའི་ནང་ནས་ཐུགས་སྲས་རྒྱུད་འཛིན་གྱི་གཙོ་བོ་ནི། མཁས་གྲུབ་ཆེན་པོ་བཟང་པོ་དཔལ་བ་སྟེ། དམ་པ་འདི་ནི་ས་ཕོ་སྤྲེའུའི་