[A:༡༣༤ན]ལོ་མུས་ཀྱི་ས་ནག་བྱ་བར་བལྟམས། གཞོན་ནུ་ཉིད་ནས་རྡོ་རྗེ་ནག་པོ་ཆེན་པོའི་ཞལ་མངོན་སུམ་དུ་གཟིགས། དགུང་ལོ་བརྒྱད་པའི་ཚེ་གྲུབ་ཆེན་དཀོན་མཆོག་བློ་གྲོས་དང་། རྗེ་དཔལ་རིན་པ་ལས་རབ་ཏུ་བྱུང་། དེ་ནས་རྫོང་དགའ་ལྡན་རྩེར་དཀའ་སྤྱད་དྲག་པོའི་སྒོ་ནས་གསན་སྦྱོང་རྒྱུན་མི་ཐུང་ཙམ་མཛད་སྐབས་གྲོགས་འགའ་ཞིག་དང་བཅས་བསོད་སྙོམས་ལ་ལྗོངས་རྒྱུ་ཚེ་ནམ་མཁའི་དབྱིངས་ནས་འཇམ་དབྱངས་ཀྱི་མཁྱེན་པའི་ངོ་བོ་རལ་གྲི་འོད་འབར་བ་ཞིག་འུར་སྒྲ་ཆེན་པོ་དང་བཅས་བྱུང་བ་རྗེ་འདིའི་དབུའི་གཙུག་ནས་ཐིམ་པའི་སྣང་བ་བྱུང་། དེ་མན་བློ་གྲོས་ཀྱི་པདྨོ་ཁ་ཕྱེ་སྟེ་ཆོས་གང་ལ་ཡང་འབད་རྩོལ་མི་དགོས་པར་ཐོས་པ་ཙམ་གྱིས་མངོན་དུ་གྱུར་པ་ཞིག་བྱུང་ནས། དགུང་ལོ་བཅུ་གཅིག་པའི་ཚེ་དཔལ་ལྡན་ས་སྐྱར་ཚད་མའི་སྙིང་པོ་རིགས་གཏེར་ལ་བཤད་སྟོན་མཛད། དེ་ནས་གྲུབ་ཆེན་དཀོན་བློས་ལུགས་གཉིས་ཀྱིས་བརྩེ་བས་བསྐྱངས་ཏེ། ཐུབ་བསྟན་རྣམ་རྒྱལ་གྱི་ཆོས་གྲྭར་ཀུན་མཁྱེན་ཆེན་པོ་ཡབ་སྲས་ཀྱི་དྲུང་དུ་ལན་གཉིས་བྱོན། སྡེ་སྣོད་ཀྱི་གཞུང་ལུགས་མང་པོའི་བཅུད་མྱངས་སྟེ། གདན་ས་ཆེན་པོར་སླར་ཡང་བཤད་པའི་དགའ་སྟོན་སྤེལ། ཀ་བཅུ་ཞེས་པའི་མཚན་གྱི་དགེ་ལེགས་གསོལ། དགུང་ལོ་སུམ་ཅུ་སོ་གཅིག་པའི་ཚེ། མཁན་པོ་ཀུན་མཁྱེན་དཔལ་ལྡན་རྒྱལ་པོ། ལས་སློབ་ཅུང་པ་མཁས་གྲུབ་སངས་རྒྱས་འཕེལ། གསང་སྟོན་རྗེ་བྱམས་པ་ཆོས་ལེགས་