[A:༡༣༤བ]སོགས་ལས་བསྙེན་པར་རྫོགས། དེ་གོང་དགུང་ལོ་བཅུ་གཅིག་པ་ཙམ་ནས་བཟུང་། གྲུབ་ཆེན་དཀོན་བློ། ཀུན་མཁྱེན་ཆེན་པོ། སངས་རྒྱས་བཟང་པོ། འཇམ་དབྱངས་སངས་རྒྱས་རིན་ཆེན། རྗེ་བྱམས་པ་ཆོས་ལེགས། བྱང་སེམས་ལེགས་པ་རྒྱལ་མཚན། མཁས་གྲུབ་སངས་རྒྱས་འོད་ཟེར། འཇམ་དབྱངས་དཔལ་ལྡན་རིན་ཆེན། རྗེ་སངས་རྒྱས་འཕེལ་བ་སོགས་ཡོངས་འཛིན་དུ་མའི་ཞབས་པད་བསྟེན། སྔ་ཕྱིར་མདོ་སྔགས་ཀྱི་ཟབ་གནད་མང་པོས་ཐུགས་ཡིད་ཚིམ་པར་བླངས། ཁྱད་པར་ཀུན་མཁྱེན་དཔལ་ལྡན་རྒྱལ་པོ་ལོ་ཉི་ཤུ་རྩ་བཞི་ཙམ་གྱི་བར་འབྲལ་མེད་དུ་གུས་པས་བསྟེན། ཡང་ཟབ་འཁོར་ལོ་བདེ་མཆོག་གཙོ་བོར་གྱུར་པའི་རྒྱུད་མན་ངག་གི་བདུད་རྩི་ངོམས་པར་གསོལ། མགོན་དེས་ཐུགས་སྲས་བུ་ཆེན་ཀུན་གྱི་མཆོག་ཏུ་བརྩེ་བས་བཟུང་། ཐོས་དོན་དེ་དག་ཀྱང་དབེན་གནས་བསམ་ལྡིང་། ངང་པ་བྲག་ཁུང་སོགས་སུ་རྩེ་གཅིག་ཏུ་ཉམས་སུ་བཞེས་པས་ནང་དུ་ཐུགས་རྒྱུད་ལ་རྟོགས་པ་དཔག་མེད་འཁྲུངས། ཕྱི་རོལ་ཏུ་སྐལ་ལྡན་གྱི་གདུལ་བྱ་དག་ལ་འཁོར་ལོ་བདེ་མཆོག་དང་། ཀྱཻ་རྡོར་སོགས་ཀྱི་རྣམ་སྤྲུལ་སྣ་ཚོགས་པའི་ངོ་མཚར་གྱི་ལྟད་མོ་བསྟན། དགུང་ལོ་ཞེ་ལྔ་པའི་ཚེ་སྔ་གོང་ནས་རྨི་ལམ་དུ་བཤད་པ་བས་སྒྲུབ་པ་མཛད་པ་ཁྱད་ཆེ་བའི་ལྟས་ཡོད་པ་དང་། ལྷག་པར་རྣལ་འབྱོར་མ་ལ་སྒྲུབ་པ་བྱས་ན་ཚེ་འདི་ལ་མཁའ་སྤྱོད་དུ་འགྲོ་བའི་ལྟས་ཤིག་ཡོད་པས་སྒྲུབ་པ་ཁོ་ན་ལ་ཐུགས་གཏད་པ་ཞིག་མཛད་ཀྱང་། དེ་དུས་བོད་ན་ཆེ་བ་འགོས་རྔོག་པ་འཁོན་གསུམ་ཞེས་གྲགས་པའི་རྔོག་གི་རྒྱུད་