[A:༡༣༥ན]ཏ་སི་ཆེན་པོའི་དྲུང་ཆེན་དཔལ་འབྱོར་བ་བྱ་བ་མཆེད་ཀྱིས་འཇམ་དབྱངས་སངས་རིན་ལ་ཞུ་ངོ་ཞུས་པར་བརྟེན། རྗེ་དེས་དཔལ་ཆོས་སྒོའི་གདན་ས་མཛད་དགོས་པའི་བཀའི་ཅོད་པན་སྤྱི་བོར་བཅིངས་ཏེ་ལོ་དུ་མའི་བར་ཆོས་སྒོར་བཞུགས་ཏེ་འདུས་པའི་ཚོགས་ལ་དམ་པའི་ཆོས་ཀྱི་དགའ་སྟོན་ཅི་ཡང་ཞིག་སྤེལ། དེ་ཙམ་ནས་ཇི་སྲིད་མ་གཤེགས་ཀྱི་བར་དུ་ནང་དུ་ཏིང་ངེ་འཛིན་གྱི་ཉམས་བཞེས་ལས་མི་གཡོ་བཞིན་དུ། ཕྱི་རོལ་ཏུ་ལེགས་བཤད་ཀྱི་དགའ་སྟོན་རྒྱུན་མ་ཆད་པར་སྩོལ་བར་མཛད། ཞིང་གཞན་དུ་གཤེགས་པའི་ཚེ་རྗེ་བཙུན་ས་སྐྱ་པ་གོང་མ་ལྔའི་གཞན་རྣམས་ཅུང་ཟད་མི་གསལ་བའི་ཚུལ་དང་། རྗེ་བཙུན་ཆེན་པོ་ན་བཟའ་དངུལ་མདོག་བཞེས་པ་ཞིག་གསལ་པོར་བྱོན་ནས། མི་ལུས་སྲད་སྲེད་མིག་ལ་རས་བཀབ་པ་འདྲ་བ་འདི་ལ་གནས་པ་ངལ་བ་ལས་མེད། དེ་བས་བྱང་ཕྱོགས་གསེར་མདོག་ཅན་དུ་ཕྱིན་པ་ལེགས་ཞེས་གསུངས་པའི་ལུང་བསྟན་དང་། བདེ་མཆོག་གི་ལྷ་མོ་བཞི་བུད་མེད་ཐ་མལ་པ་བཞིའི་ཚུལ་དུ་བྱས་ཏེ་དག་པའི་ཞིང་དུ་བྱོན་ཟེར་ཞིང་ཡང་ཡང་གཡོབ་པ་བྱེད་པ་སོགས་མཁའ་འགྲོའི་བསུ་བ་དང་བཅས་ཡོས་ལོ་ཧོར་ཟླ་གསུམ་པའི་གནམ་སྟོང་གི་ཚེ་མདའ་ཁ་མའི་གདམས་པའི་ངང་ནས་གཤེགས་སོ། །འདི་ལ་སློབ་མའི་མཆོག་ཤིན་ཏུ་མང་ཡང་། དཔལ་འཁོར་ལོ་སྡོམ་པའི་བཀའ་བབ་ཅིང་རྒྱུད་པ་འཛིན་པ་ནི་པཎ་ཆེན་ནམ་མཁའ་དབང་ཕྱུག་སྟེ། དམ་པ་འདི་ནི་ཆོས་ལྡན་གྱི་ཡབ་ཡུམ་ལ་ལྕགས་ཕོ་རྟའི་ལོ་ངོ་མཚར་བའི་དགེ་མཚན་དུ་མ་དང་བཅས་ཏེ་སྐུ་བལྟམས། དགུང་ལོ་བཅུ་གྲངས་