[A:༡༣༦ན]ཀྱི་སྐྱེ་བོ་རྣམས་དང་འདུན་མཆོག་ཏུ་གྱུར་ཏེ། ན་བཟའ་གསོལ་ཇ་སོགས་ཟང་ཟིང་གི་འབུལ་ནོད་ཚད་མེད་པ་བྱུང་བས། སྔར་གྱི་བླ་མའི་གསུང་དེ་ལུང་བསྟན་དུ་དགོངས་ནས་མི་ཕྱེད་པའི་དད་པ་འཁྲུངས། ལྔ་བཅུ་རྩ་ལྔ་པའི་ཚེ་གླིང་དགའ་བདེ་བ་ཅན་གྱི་དགོན་གནས་ཆེན་པོར་རྗེ་བཙུན་སེམས་དཔའ་ཆེན་པོ་དཀོན་མཆོག་རྒྱལ་མཚན་ཡབ་སྲས་ཀྱི་རྒྱལ་ཚབ་ཏུ་མངའ་གསོལ། དེ་ནས་བཟུང་ལོ་གྲངས་ཉི་ཤུ་ཙམ་གྱི་བར་དུ་ཆོས་གྲྭ་ཆེན་པོ་དེར་བདེ་ཀྱེ་གསང་གསུམ། ཡོ་ག་བྱ་སྤྱོད་དང་བཅས་པའི་དབང་ཁྲིད་ལུང་མན་ངག་རྒྱུད་ཀྱི་བཤད་བཀའ་སོགས་ཀྱི་ཆོས་ཆར་ཕབ་སྟེ་འཆད་ཉན་དམར་བའི་ཚད་དུ་གྱུར། རྗེ་འདི་མདོ་སྔགས་ཟུང་འཇུག་གི་དགེ་བའི་བཤེས་གཉེན་གཞུང་ལུགས་གང་ལ་ཡང་མཁྱེན་པ་རྒྱས་པས་པཎ་ཆེན་ནམ་མཁའ་དབང་ཕྱུག་ཅེས་ཕྱོགས་ཀུན་དུ་སྙན་པར་གྲགས། ཐུགས་སྲས་བསྟན་འཛིན་གྱི་སློབ་བུ་ཡང་མང་དུ་བྱོན། བདག་གི་བླ་མ་རྗེ་བཙུན་མུས་པ་ཆེན་པོ་དེ་ཉིད་ཀྱིས་ཀྱང་སྐུ་གཞོན་ནུའི་དུས་པཎ་ཆེན་དེ་ལ་བཀའ་གདམས་ལྷ་བཞིའི་ཁྲིད་དང་། གཞུང་དྲུག་གི་ལུང་སོགས་གསན་པ་ཡིན་ལ། རྟོགས་པའི་ཡོན་ཏན་ནི་གླིང་དགའ་བདེ་བ་ཅན་གྱི་གདན་ས་མཛད་དུས། མ་རུངས་པ་འགའ་ཞིག་གིས་དགོན་པའི་རི་རྒྱ་ལ་ཐོ་འཚམས་ཀྱི་ལས་བྱས་དུས། རྗེ་ཉིད་ཀྱིས་ཆོས་ཁྲིའི་སྟེང་ནས་ཆོས་སྐྱོང་རྣམས་ལ་དམོད་བཅོལ་དང་བཅས་ཕྱག་བརྡབས་པ་ཙམ་གྱིས་ངན་པ་རྣམས་ལ་རྟགས་མཚན་དྲག་པོ་དེ་མ་ཐག་བྱུང་བ་སོགས་མཐའ་ཡས་ཤིང་། མཐར་དགུང་ལོ་དོན་བཞི་པ་ཆུ་མོ་ལུག་ལོ་ཟླ་བ་བརྒྱད་པའི་ཚེས་གསུམ་གྱི་ཚེ་གླིང་དགའ་དགོན་