R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༣༦བ
[A:༡༣༦བ]པའི་བླ་བྲང་དུ་སྐུ་ལ་སྙུང་བ་མེད་བཞིན་དུ་རྣལ་འབྱོར་མའི་འཕོ་བ་ཆིག་བརྒྱུད་མ་གསལ་བཏབ་ཏེ། མཁའ་སྤྱོད་ཉིད་དུ་ཐོགས་པ་མེད་པར་གཤེགས། དེ་དུས་འཇའ་འོད་དང་མེ་ཏོག་གི་ཆར་སོགས་ངོ་མཚར་བའི་ལྟས་དཔག་ཏུ་མེད་པ་བྱུང་བས་སྐྱེ་བོ་ཐམས་ཅད་དད་པའི་སྤུ་ལོང་ཆེས་ཆེར་གཡོས་པར་གྱུར་ཏོ། །རྗེ་འདི་ལ་སློབ་མའི་མཆོག་མང་དུ་ཡོད་པའི་ནང་ནས་དམ་ཆོས་རྒྱུད་འཛིན་གྱི་གཙོ་བོ་ནི་རྗེ་བཙུན་དམ་པ་ཆོས་དབང་ཕྱུག་སྟེ། དམ་པ་འདི་ནི་སྟོན་པ་འདས་ནས་ལོ་སུམ་སྟོང་དྲུག་བརྒྱ་དང་ཞེ་ལྔ་ལོན་པ་ཆུ་ཕོ་སྤྲེའུའི་ལོ་མུས་སྟོད་རྟ་མོ་ཤར་གྱི་བདེ་ལེགས་ཀྱི་ལ་རྒྱབ་ཀྱི་ཁུད་བྱ་བའི་ལྷས་སུ་བལྟམས། དགུང་ལོ་བཅུ་པའི་ཚེ་འཇམ་དབྱངས་སངས་རྒྱས་རིན་ཆེན་དང་། རྗེ་དཀོན་མཆོག་རིན་ཆེན། ཆོས་རྗེ་ནམ་རྒྱལ་བ་རྣམས་ལས་རབ་ཏུ་བྱུང་། བཅུ་གཅིག་པའི་ཚེ་བདེ་མཆོག་ལཱུ་ནག་དྲིལ་གསུམ། གསང་འདུས་མི་བསྐྱོད་པ། འཇམ་རྡོར། གུར། ཀྱེ་རྡོར་ཡབ་བཀའ་ཡུམ་བཀའ་སོགས་བླ་མེད་ཀྱི་སྒྲུབ་དཀྱིལ་མང་པོའི་ཚིག་དོན་ཐུགས་ལ་ཆུད། བཅུ་གཉིས་པའི་ཚེ་བརྟག་གཉིས་ལ་བཤད་སྟོན་སྤེལ། བཅུ་བཞི་པའི་ཚེ་ལམ་འབྲས་ཀྱི་ཁྲིད་ཡིག་དངོས་གྲུབ་འབྱུང་གཏེར་སོགས་ལམ་འབྲས་ཀྱི་ཡིག་ཆ་མང་པོ་དང་། ཀུན་ཏུ་དགོས་པའི་གཞུང་བདུན་སོགས་རྒྱུད་ཀྱི་ཡིག་ཆ་མང་པོའི་ཚིག་དོན་ཐུགས་སུ་ཆུད་ཏེ་རྒྱུགས་འབུལ་ཀྱང་མཛད། བཅོ་བརྒྱད་པའི་ཚེ་ཀྱེ་རྡོར་གཞི་བསྙེན་དང་། ཀུན་རིག་གི་བསྙེན་པ་སོགས་མཛད། སུམ་ཅུ་པའི་ཚེ་མཁན་པོ་པཎ་ཆེན་ནམ་མཁའ་དབང་ཕྱུག ལས་གསང་ཆོས་རྗེ་ནམ་མཁའ་སངས་རྒྱས། གྲིབ་ཆོད་པ་དོན་གྲུབ་རིན་ཆེན།