[A:༡༤ན]སེང་གེ་བཟང་པོས་བརྒྱད་སྟོང་འགྲེལ་ཆེན་དང་། དབྱིག་གཉེན་གྱི་མཛོད་རང་འགྲེལ་གཉིས་མཐུན་པར། གྲངས་མེད་གསུམ་ཞེས་པ་དྲང་དོན་ཡིན་གྱི། ངེས་དོན་དུ་གྲངས་མེད་སུམ་ཅུ་རྩ་གསུམ་གྱི་བར་དུ་ཚོགས་བསོག་དགོས་པར་གསུངས་ཤིང་། དེ་ཡང་ཚོགས་ལམ་ལ་གཅིག སྦྱོར་ལམ་ལ་གཅིག ས་དང་པོ་ནས་བཅུ་པའི་བར་ལ་གསུམ་གསུམ་སྟེ། བྱང་ཆུབ་སེམས་དཔའི་ས་རྣམས་རྫོགས་ནས་ཀུན་ཏུ་འོད་སངས་རྒྱས་ཀྱི་ས་བསྒྲུབ་པར་བཞེད། སློབ་དཔོན་དུལ་བའི་ལྷས། སྡེ་པ་ཐ་དད་བཀླགས་པར་གྲངས་མེད་བཅུར་བཤད། འཕགས་པ་རྒྱ་ཆེ་རོལ་པར། བསྐལ་པ་གྲངས་མེད་པ་བདུན་དུ་དགེ་བའི་རྩ་བ་ཐམས་ཅད་ཡང་དག་པར་བསྒྲུབ་པ་ཞེས་གྲངས་མེད་བདུན་དུ་བཤད་ལ། དབུ་མ་པ་ཆོས་ཀྱི་བཤེས་གཉེན་གྱིས་བྱང་ཆུབ་སེམས་དཔའི་སྨོན་ལམ་དང་། བརྩོན་འགྲུས་ལ་སོགས་པའི་དབང་གིས་གྲངས་མེད་གསུམ་གྱི་ངེས་པ་མེད། ཅེས་གྲངས་མེད་གསུམ་ལས་ཉུང་བས་ཆོག་པ་དང་། གྲངས་མེད་མཐའ་ཡས་པ་དགོས་པ་ཡང་ཡོད་པར་བཞེད་པ་སོགས་ལུགས་སྲོལ་ཤིན་ཏུ་མང་ན་ཡང་། མཁས་པ་མང་པོས་བཞེད་ཅིང་ཐམས་ཅད་ལ་གྲགས་ཆེ་བ་དང་། བྱམས་པ་མགོན་པོས། ས་ནི་དང་པོ་ཡིན་པར་འདོད། །འདི་དེ་བསྐལ་པ་དཔག་མེད་ཀྱིས། །ཞེས་པ་དང་། གྲངས་མེད་གསུམ་ནི་རྫོགས་པ་ཡིས། །བསྒོམ་པའི་ལམ་ནི་མཐར་ཕྱིན་ཏོ། །ཞེས་མཐོང་ལམ་ལ་གཅིག སྒོམ་ལམ་མ་དག་ས་བདུན་ལ་གཅིག དག་པ་ས་གསུམ་ལ་གཅིག་སྟེ་གྲངས་མེད་གསུམ་གྱི་བར་དུ་ཚོགས་བསགས་པ་འདི་ཉིད་གཙོ་བོར་གཟུང་བར་བྱའོ། །