[A:༡༣༧ན]ཁ་སྐོངས་པ་སྤྱན་སྔ་དཀོན་མཆོག་རྒྱ་མཚོ་རྣམས་ལས་གླིང་དགའ་བདེ་བ་ཅན་དུ་བསྙེན་པར་རྫོགས། དགུང་ལོ་བཅུ་སྐོར་ནས་བཟུང་། འཇམ་དབྱངས་སངས་རྒྱས་རིན་ཆེན། མཚུངས་མེད་དཀོན་མཆོག་རིན་ཆེན། བདག་ཆེན་ཀུན་དགའ་བཀྲ་ཤིས། བླ་མ་ནམ་མཁའ་སངས་རྒྱས། ངོར་ཆེན་དཀོན་མཆོག་ལྷུན་གྲུབ། པཎ་ཆེན་ནམ་མཁའ་དབང་ཕྱུག་སོགས་ཡོངས་འཛིན་དུ་མའི་ཞབས་པད་གུས་པས་བསྟེན་ཞལ་གྱི་བུམ་བཟང་ལས། རྒྱུད་མན་ངག་གི་བདུད་རྩི་ངོམས་པར་གསོལ། ཁྱད་པར་པཎ་ཆེན་འདི་ལ་འཁོར་ལོ་བདེ་མཆོག་གཙོ་བོར་གྱུར་པའི་མདོ་སྔགས་ཀྱི་ཟབ་གནད་བུམ་པ་གང་བྱོའི་ཚུལ་དུ་མནོས། བཀའ་དྲིན་ཆེ་བའི་ཡོངས་འཛིན་མཆོག་ཏུ་བཟུང་། ཡོངས་འཛིན་མང་པོའི་ཞལ་ལས་འོངས་པའི་དམ་ཆོས་ཟབ་མོ་དེ་དག་ཀྱང་དབེན་གནས་མང་པོར་སྒོམ་པའི་ཉམས་བཞེས་རྩེ་གཅིག་ཏུ་མཛད་པས། སོ་སོ་ནས་བཤད་པའི་ཉམས་རྟོགས་དག་ཀྱང་ཅི་རིགས་པར་ཤར། གཞན་ཡང་སྔ་གོང་ནས་སྒྲུབ་པ་ཁོ་ན་ལ་ཐུགས་གཏད་པ་ནས། སྨོན་ལམ་འདེབས་པའི་ཚེ་ཡང་མི་ཚེ་སྒྲུབ་པ་དང་མཉམ་པའི་འདུན་པ་ཁོ་ན་དང་། གནས་སྐབས་སུ་ཡང་སྒྲུབ་པའི་བསྔགས་པ་ཁོ་ན་མཛད་པ་ཞིག་ཡོད་པས། པཎ་ཆེན་ནམ་མཁའ་དབང་ཕྱུག་གིས་དགོན་པའི་གདན་ས་མཛད་དགོས་པའི་བཀའ་སྩལ་ཀྱང་ཐབས་མཁས་ཀྱིས་དགོངས་པ་བཀྲོལ་ནས་མ་མཛད། དེ་མཚམས་ནས་ཡི་དམ་གྱི་ལྷ་འཁོར་ལོ་བདེ་མཆོག་གི་ལུང་བསྟན་བྱུང་ནས་གསང་སྔགས་རྡོ་རྗེ་གླིང་གི་གདན་