R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༣༧བ
[A:༡༣༧བ]སར་གདན་བཏེགས། ལོ་ཉེར་ལྔ་ཙམ་བཞུགས་ཏེ་དེར་འདུས་སོགས་སྐལ་ལྡན་མང་པོ་སྨིན་གྲོལ་ལ་བཀོད། ལྔ་བཅུ་ང་གཉིས་པའི་ཚེ་སླེ་ལུང་གི་གདན་སེང་གེའི་ཁྲིར་འཁོད། འདུས་པའི་ཚོགས་ལ་ཟབ་རྒྱས་ཀྱི་ཆོས་ཀྱི་ཆར་རྟག་པར་ཕབ། བླ་མ་གོང་མའི་རྣམ་ཐར་དང་། བློ་སྦྱོང་སོགས་གསུངས་པའི་ཚེ་བཤུམ་པ་འབའ་ཞིག་མཛད་དེ་བྱང་སེམས་ཆེན་པོ་དད་པ་དང་ངེས་འབྱུང་གཞན་པས་ཆེ་བ་ཞིག་ཡིན་པར་གྲགས། མདོར་ན་གཞོན་ནུ་ཉིད་ནས་ཆོས་ཀྱི་བག་ཆགས་སད་པ་བྱམས་དང་སྙིང་རྗེའི་མངའ་བདག་མངོན་པར་ཤེས་པ་ཐོགས་མེད་དུ་མངའ་བ། བླ་མ་དང་ཡི་དམ་གྱི་ལྷ་མང་པོས་ཞལ་བསྟན་ཅིང་རྗེས་སུ་བཟུང་བའི་གྲུབ་པའི་དབང་ཕྱུག་ཆེན་པོ་བསྐྱེད་རྫོགས་ཀྱི་ཏིང་ངེ་འཛིན་དང་ཐུགས་ཡིད་གཅིག་ཏུ་འདྲེས་པ་ཞིག་ཡིན་ལ། ཞིང་གཞན་དུ་གཤེགས་པའི་ཚེ་ཡང་སྐུ་ལ་སྙུང་བ་སོགས་གང་ཡང་མེད་པར་བུ་སློབ་རྣམས་ལ་ཤར་ཕྱོགས་མངོན་པར་དགའ་བའི་ཞིང་དུ་ཕེབས་པའི་ཞལ་བཞེས་དང་བཅས་བདེ་མཆོག་གི་རྒྱུད་ནས་བཤད་པའི་རྣལ་འབྱོར་པ་འཕོ་བའི་ཚེ་འབྱུང་བའི་ངོ་མཚར་གྱི་ལྟས་རྣམས་མངོན་དུ་མཛད་པ་ཡིན་ནོ། །རྗེ་བཙུན་དམ་པ་དེ་ལ་སློབ་མའི་མཆོག་མང་པོ་ཞིག་བྱོན་ཀྱང་། དཔལ་འཁོར་ལོ་བདེ་མཆོག་གི་ཟབ་བཅུད་རྣམས་བུམ་པ་གང་བྱོའི་ཚུལ་དུ་མནོས་ཤིང་། ཐུགས་སྲས་ཀྱི་གཙོ་བོར་གྱུར་པ་ནི་བདག་ཅག་གི་ཡོངས་འཛིན་དམ་པ་རྒྱལ་བ་མུས་པ་ཆེན་པོ་རྡོ་རྗེ་འཆང་སངས་རྒྱས་རྒྱལ་མཚན་ཏེ། དམ་པ་འདི་ནི་ཆུ་ཕོ་སྟག་གི་ལོ་དོལ་སྨད་ཀྱི་འབྲོག་སེབ་ཏུ་བལྟམས། དགུང་