[A:༡༣༨ན]ལོ་བཅུ་གཉིས་པའི་ཚེ་མདོག་ལོ་མཁན་པོ་དཔལ་ལྡན་རིན་ཆེན་པ་ལས་དགེ་བསྙེན་ཞུས། དཔལ་མགོན་རིན་ཆེན་པ་གནས་ཀྱི་སློབ་དཔོན་དུ་མཛད་དེ་གླིང་དགའ་བདེ་བ་ཅན་དུ་བདེ་ཀྱེ་གསང་གསུམ་ཡོ་ག་བྱ་སྤྱོད་དང་བཅས་པའི་རྒྱུད་དང་རྒྱ་བོད་ཀྱི་གཞུང་། དེ་དག་གི་སྤྱི་ཊིཀ་སྒྲུབ་དཀྱིལ་མན་ངག་གཞུང་ཕྲན་ལ་སོགས་པའི་ཡིག་ཆ་མང་པོ་ལ་གསན་སྦྱོངས་མཛད། རྗེ་དཀོན་མཆོག་རྒྱ་མཚོའི་དྲུང་དུ་མདོ་སྔགས་ཀྱི་གཞུང་དང་འབྲེལ་བ་ཤོག་བུ་མདའ་ཚད་སྟོང་ཕྲག་གཉིས་ཙམ་ཞིག་ལྗགས་ཐོག་གཅིག་ཏུ་རྒྱུགས་འབུལ་མཛད། དགུང་ལོ་ཉི་ཤུ་པའི་ཚེ་མཁན་པོ་སྤྱན་སྔ་དཀོན་མཆོག་རྒྱ་མཚོ། ལས་སློབ་རྗེ་བཙུན་ཆོས་དབང་ཕྱུག གསང་སྟོན་གྲུབ་ཆེན་རིན་ཆེན་བཟང་པོ་སོགས་ལས་བསྙེན་པར་རྫོགས། དུས་དེ་ཙམ་ནས་མཁན་སློབ་དེ་དག་དང་། གཞན་ཡང་པཎ་ཆེན་ནམ་མཁའ་དབང་ཕྱུག ཆོས་རྗེ་གྲགས་པ་མཐའ་ཡས། ཞེ་དགོན་པ་ཆོས་རྒྱལ་མཚན། ཁོ་བོ་ཅག་གི་ཡབ་རྗེ་སྦས་པའི་སངས་རྒྱས་སྔགས་འཆང་གྲགས་པ་བློ་གྲོས་རྗེ་འགྱུར་མེད་བདེ་ཆེན། རྗེ་རིན་ཆེན་ཆོས་འཕེལ། མཁས་དབང་བྱམས་པ་རབ་བརྟན། མཁན་ཆེན་ཆོས་འོད་ཟེར་སོགས་མཁས་ཤིང་གྲུབ་པ་བརྙེས་པའི་ཡོངས་འཛིན་དུ་མ་ལས་ཟབ་རྒྱས་གསན་པ་རྒྱ་མཚོའི་ཕ་རོལ་ཏུ་སོན་པར་མཛད། ཐོས་དོན་ཟབ་མོ་སྒོམ་པའི་རིམ་པས་ཉམས་བཞེས་སུ་བསྟར་བས། བླ་མ་དང་ལྷག་པའི་ལྷ་མང་པོས་རྗེས་སུ་བཟུང་། རྨད་དུ་བྱུང་བའི་ལུང་བསྟན་གྱི་བདུད་རྩི་མང་དུ་བརྙེས། འོད་གསལ་གྱི་ངང་ནས་སྐལ་ལྡན་གྱི་གདུལ་བྱ་