R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༣༨བ
[A:༡༣༨བ]འགྲོ་འོངས་སོགས་དུས་གསུམ་སྒྲིབ་མེད་དུ་གཟིགས་ཏེ། སྐལ་བ་དང་ལྡན་པ་དག་ལ་མ་འོངས་པ་ན་འདི་ལྟར་འབྱུང་གི་ལུང་བསྟན་གྱི་བདུད་རྩི་སྩལ་བ་རྣམས་ཇི་ལྟ་བ་བཞིན་མངོན་དུ་གྱུར་པ་སོགས་རྟོགས་པའི་ཡོན་ཏན་དཔག་མེད་མངའ། ལུང་གི་ཡོན་ཏན་ཀྱང་མདོ་རྒྱུད་བསྟན་བཅོས་ཐམས་ཅད་ཀྱི་ཚིག་དོན་ཀུན་ལ་བྱང་ཆུབ་པས་སྡེ་སྣོད་རིན་པོ་ཆེ་རྣམ་པ་གསུམ་དང་རྒྱུད་སྡེ་བཞི་ནས་བཤད་པའི་རྣམ་དག་ཆོ་གས་སྡོམ་པ་འབོགས་པའམ། སྨིན་བྱེད་དབང་གི་ཆུ་རྒྱུན་འབེབས་པའམ། གྲོལ་བྱེད་ཁྲིད་ཀྱིས་གདམས་ངག་སྟོན་པའམ། མཐའ་དྲུག་ཚུལ་བཞིའི་རྒྱུད་དོན་འབྱེད་པའམ། སྙན་རྒྱུད་ཟབ་མོའི་བྱིན་རླབས་སྩོལ་བ་ལ་སོགས་པ་གང་ལ་ཡང་། ཚིག་གཞན་གྱིས་བཟུང་སླ་ཞིང་རྣ་བར་སྙན་དོན་ཟབ་ཅིང་ངེས་པ་ལ་འབབ། ཚིག་དོན་གཉིས་ཀ་འབྲེལ་ལེགས་པ་སོགས་འཆད་པའི་ཡོན་ཏན་ཐམས་ཅད་ཚང་ཞིང་། ཡིད་ཆགས་སྡང་གི་འཆད་པ་དང་། བརྗོད་པ་མཐོ་དམན་ཅན་སོགས་འཆད་པའི་སྐྱོན་ཅུང་ཟད་ཙམ་ཀྱང་མི་མངའ་བར། བློ་ཆེན་རྣམས་ལ་ཟབ་རྒྱ་ཆེ། །བློ་ཆུང་བཟུང་བདེ་གོ་སླ་བ། །ཕྱི་ནས་ཚིག་དོན་འབྲེལ་ཆགས་པ། །དོན་ཕྲ་འགལ་འབྲེལ་དཔྱོད་ཅིང་བཤད། །ཅེས་པ་ལྟར་བཤད་བྱ་གང་ཡིན་དེའི་ཚིག་དོན་ཐམས་ཅད་ཞིབ་ཏུ་བཤད་ནས། མཐར་དེ་ཐམས་ཅད་ཀྱི་སྙིང་པོ་བསྡུས་པ་ནི་འདི་ཡིན་ནོ་ཞེས་མཁས་རྨོངས་ཀུན་གྱི་བློ་ལ་འཆར་བདེ་ཞིང་། ལག་པར་བཟུང་རྒྱུ་ཡོད་པ་ལྟ་བུའི་དོན་གྱི་འབྲས་བུ་ཞིག་སྟོན་པར་མཛད་པས་ན་འཆད་པའི་ཚུལ་གང་ལ་ཡང་བདག་ཉིད་ཆེན་པོ་འདི་ལྟ་བུ་གཞན་ལ་ཡོད་པ་མ་མཐོང་ཞིང་། ལྷག་པར་ཐུན་མོང་དང་ཐུན་མོང་མ་