[A:༡༣༩ན]ཡིན་པའི་ཟབ་ཁྲིད་མི་འདྲ་བ་མང་པོ་སྟོན་པ་ཀུན་ལ་སླ་བཅོས་དང་། རིགས་འདྲ་རུང་མཐུན་སྦྱོར་བ་རང་བཟོ་སོགས་དང་བྲལ་བ་སྟེ། དེ་རང་གི་སྐབས་སུ་བབ་པ་རྣམས་ཅུང་ཟད་ཀྱང་མ་ལུས་པ་མ་ལྷག་པ་མ་ནོར་བ། མ་གབ་པར་གསལ་ཞིང་འབྲེལ་ཆགས་པར་གསུངས། དེ་བཞིན་དུ་དབང་བསྐུར་བར་མཛད་པ་རྣམས་ཀྱང་ངག་འདོན་བཤར་སྦྱང་གི་ལུང་ཉན་ལྟ་བུ་མ་ཡིན་པ་འདག་བྱ་དག་བྱེད་མཐའ་དག་ཞིབ་ཏུ་ངོ་སྤྲོད་ཅིང་། བྱིན་རླབས་ཀྱི་ཟིལ་དང་ལྡན་པས་ཉམས་ཀྱི་འགྱུར་བ་མནན་གྱིས་མི་ཐུབ་པ་དང་། དབང་དེ་གྲོལ་བ་དང་། ད་ལན་ངའི་རྒྱུད་ལ་སྔགས་སྡོམ་རྣམ་དག་ཅིག་ངེས་པར་སྐྱེས་བྱུང་སྙམ་པ་གཏིང་ཚུགས་པ་འབྱུང་། ཐ་ན་རྗེས་གནང་དེང་བཟླས་ལུང་ཆུང་ངུ་ཞིག་གནང་ནའང་། དེའི་རྩ་བའི་ཡི་གེ་འདི་ཡིན། བཤད་སྲོལ་མི་འདྲ་བ་འདི་ལྟར་ཡོད། བླ་མ་གོང་མ་དག་གིས་ཉམས་བཞེས་མཛད་པས་ངོ་མཚར་གྱི་ལྟས་བྱུང་བའི་ལོ་རྒྱུས་འདི་ལྟ་བུ་ཡོད། སྤྱིར་འདི་ལ་ཡིག་སྣ་འདི་ཙམ་མཆིས། ད་ལྟ་ལག་ལེན་འདིའི་ཐོག་ནས་བྱེད། བླ་མའི་ཞལ་ཤེས་འདི་ལྟར་ཡོད་གསུངས་པ་སོགས་དཔྱོད་ལྡན་དག་གི་བློ་ལ་འདི་ཁོ་ནས་དོན་འགྲུབ་པ་འདུག་སྙམ་པའི་བླ་མ་དང་། ལྷ་དང་གདམས་ངག་ལ་དུས་དེ་ཉིད་དུ་མི་ཕྱེད་པའི་དད་པ་ཐོབ་པ་ཞིག་འབྱུང་ལ། མདོར་ན་ཆོས་གང་གནང་ཡང་གསུང་གི་གདངས་ཐོས་པ་ཙམ་གྱིས་ཐ་མལ་གྱི་རྣམ་རྟོག་རགས་པ་རྣམས་ཉལ་གྱིས་འགྲོ། དམིགས་པའི་མཚམས་མཚམས་སུ་འདི་ལྟར་བྱེད་ཅེས་རྗེ་དེ་ཉིད་ཀྱང་ཅུང་ཟད་རེ་མཉམ་པར་འཇོག་པ་མཛད་པ་ན། ཇི་སྐད་གསུངས་པ་བཞིན་རྒྱུད་ལ་སྐྱེས་བྱུང་སྙམ་པ་དང་།