R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༣༩བ
[A:༡༣༩བ] དེ་ཁ་ལས་མ་འདས་པ་ཐག་ཆོད་དུ་འདུག་སྙམ་པ་མ་གཏོགས། ཅི་ཡིན་ནམ་སྙམ་པའི་བློ་སྦྲམ་ཐང་ངེར་སྡོད་པ་ནི་མི་སྲིད་པ་ཉམས་སུ་མྱོང་བས། གཞན་དུ་ལོ་ཟླར་བསྒོམས་པ་བས། དམ་པ་འདིའི་གསུང་ཐོས་པ་དོན་ཆེ་བར་མཐོང་ལ། དེ་ལྟར་འཆད་པའི་གནས་སྐབས་ཐམས་ཅད་དུ། ཞུམ་ལ་གཟེངས་བསྟོད་རྒོད་པ་ལ། །འཁོར་བའི་ཉེས་དམིགས་ལེགས་པར་བཤད། །རྨོངས་པ་རྣམས་ལ་ངོ་མཚར་གྱི། །གཏམ་བཤད་ནས་ནི་མཉན་དུ་གཞུག །ཅེས་པ་ལྟར་ཤིན་ཏུ་ངོ་མཚར་བའི་ལོ་རྒྱུས་དང་། ཀུ་རེ་དང་བཞད་གད་ཉམས་འཆར་བ་དག་གི་སྒོ་ནས་ཀྱང་སྤྲོ་བ་བསྐྱེད་པར་མཛད། གནས་སྐབས་ཐམས་ཅད་དུ་འཁོར་བའི་ཉེས་དམིགས་དང་། ཚུལ་ཁྲིམས་དང་ཐོས་བསམ་གྱི་ཕན་ཡོན། དགེ་བའི་བཤེས་གཉེན་གྱི་རྟོགས་བརྗོད། ཁྱད་པར་རྗེ་བཙུན་ས་སྐྱ་པ་ཡབ་སྲས་བསྟན་འཛིན་དང་བཅས་པ་རྣམས་ཀྱི་ཆེ་བའི་ཡོན་ཏན་དང་བསྟན་པའི་སྲོལ་གཏོད་ཚུལ་སོགས་སྙན་ཞིང་འཇེབས་པའི་གསུང་གིས་གདུལ་བྱ་དག་གི་དད་པ་དང་བློ་གྲོས་ཀྱི་དབང་པོ་ཀུན་ནས་རྒྱས་པར་མཛད་པ་ཞིག་ཡིན་ནོ། །ཚུལ་དེ་ལྟ་བུའི་སྒོ་ནས་དགེ་བསྙེན་དགེ་ཚུལ་དགེ་སློང་གི་སྡོམ་པ་འབོག་པ། བྱང་སེམས་ཀྱི་བསླབ་པ། སྨིན་བྱེད་ཀྱི་དབང་། གྲོལ་བྱེད་ཀྱི་ཁྲིད། གཞན་ཡང་མདོ་སྔགས་ཀྱི་བཤད་བཀའ། ལུང་བཀའ་རྗེས་གནང་བྱིན་རླབས་སོགས་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཚུལ་བགྲང་བ་ལས་འདས་པ་ཞིག་སྩལ་ཏེ། སྐལ་ལྡན་བསྟན་འཛིན་གྱི་སློབ་བུ་ཡང་ཆེས་མང་བ་ཞིག་བསྐྲུན་ནས་རྒྱ་མཚོའི་གོས་ཅན་མ་ལུས་པ་ཁྱབ་པ་མཛད་