[A:༡༤༠ན]པ་ཡིན་ལ། དེ་ལྟར་དགུང་ལོ་བཅུ་གཉིས་པའི་ཚེ་དགེ་བསྙེན་གྱི་བརྟུལ་ཞུགས་ལ་གནས་པར་མཛད་པ་དེ་ཙམ་ནས་བཟུང་། བདུན་ཅུ་དོན་བདུན་གྱི་བར་དུ་བསྟན་པ་རིན་པོ་ཆེའི་བྱ་བ་རྣམ་པ་གསུམ་གཙོ་བོར་གྱུར་པའི་ངོ་མཚར་རྨད་དུ་བྱུང་བའི་མཛད་པ་ཁོ་ནས་དུས་འདའ་བར་མཛད་ཅིང་། ཁྱད་པར་གནས་སྐབས་ཐམས་ཅད་དུ་འཁོར་ལོ་བདེ་མཆོག་གི་བསྐྱེད་རྫོགས་ཟབ་མོ་ལ་རྩེ་གཅིག་ཏུ་ཉམས་བཞེས་མཛད་པས། ཉམས་མྱོང་ཏིང་ངེ་འཛིན་གྱི་ཡོན་ཏན་གྱི་ཚོགས་བསམ་གྱིས་མི་ཁྱབ་པ་ཐུགས་རྒྱུད་ལ་འཁྲུངས་ཏེ། རྟོགས་པའི་གདེང་དང་ལྡན་པའི་གསུང་ལས་ཀྱང་། ངེད་བདེ་མཆོག་གི་རྣལ་འབྱོར་པ་རྣམས་འཆི་བའི་ཚེ། རྩ་རྒྱུད་ལས། རྣལ་འབྱོར་པ་རྣམས་འཕོ་བའི་ཚེ། །དཔལ་ལྡན་ཁྲག་འཐུང་སོགས་མཁའ་འགྲོ། །ལག་ན་མེ་ཏོག་སྣ་ཚོགས་ཐོགས། །རོལ་མོའི་སྒྲ་ནི་སྣ་ཚོགས་དང་། །སྣ་ཚོགས་གླུ་ཡི་མཆོད་པས་མཆོད། །འཆི་བ་ཞེས་བྱའི་རྣམ་རྟོག་ནི། །མཁའ་ལ་སྤྱོད་པའི་གནས་སུ་ཁྱེར། །ཞེས་གསུངས་པ་ལྟར་ན་རྒྱུ་མེད་པའི་འཆི་བ་ཞིག་ཡོང་བ་ཡིན། ངེད་ཀྱི་བླ་མ་ཆོས་དབང་པ་ལའང་བྱུང་། ངེད་ལ་ཡང་དེ་ལྟར་ཡོང་གསུངས་པ་བཞིན། སྐུ་ཚེའི་མཇུག་ཏུ་བསམ་གཏན་ཕུག་ཏུ་བུག་སྒོ་མཛད་དེ་སྒྲུབ་པ་ལ་རྩེ་གཅིག་ཏུ་བཞུགས་ནས་ཞིང་གཤེགས་ཁའི་ཚེ། ཅུང་ཟད་བསྙེལ་བའི་ཚུལ་བསྟན་པའི་དུས་སྐབས་རེ་སྐུ་འདར་ཤིག་ཤིག་མཛད་པ་ལ། སྐུ་མི་བདེ་བ་མི་འདུག་ལགས་སམ་ཞུས་པས། མི་བདེ་བ་མ་མཆིས་ནང་གི་རྩ་མདུད་རྣམས་གྲོལ་བའི་རྟགས་སུ་