[A:༡༤༠བ]གདའ་གསུངས། ཡང་ལན་ཅིག་རྗེའི་གཟིམ་ཕུག་ན་ཕྱག་ཕྱི་བ་སུ་ཡང་མེད་པ་ལ་གསུང་གླེང་དི་རི་རི་མཛད་པ། དབོན་པོ་གཟིམ་ཕུག་གི་ཕྱི་ན་ཡོད་པས་ཐོས་ནས་ཅི་ཡིན་ནམ་སྙམ་དྲུང་དུ་ཕྱིན་པས། མཁའ་འགྲོ་མ་ཚོ་རང་བྱོན་མཛོད་ཅིག་གསུངས་པ་གསལ་པོར་ཐོས་པ་དང་། གཞན་ཡང་མཁའ་འགྲོ་མ་ལཱ་མ་ནི་ལྟ་བ་རང་དགའ་ཟེར་བ་འདུག དེ་དེ་ཀ་ཡིན་གསུངས་ཤིང་ཐུགས་བདེ་ཉམས་ཆེན་པོ་མཛད་པ་དང་། ཡང་གཤེགས་པར་ཉེ་བའི་ཚེ། ཟླ་བ་ཤར་བར་འདུག་གམ་ཐམས་ཅད་འོད་དཀར་པོས་གང་འདུག་གསུངས་པ་དང་། ད་ནི་ཉི་མ་ཡང་ཤར་བྱུང་ཞེས་པ་དང་། ཡང་ཌཱ་ཀི་མ་འོད་གསལ་མ་བུ་འཕྲོད་བྱུང་གསུངས་པ་སོགས་མདོར་ན་དུས་དེར་རྡོ་རྗེ་ལུས་ཀྱི་རྩ་མདུད་ཐམས་ཅད་གྲོལ་ཏེ་བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཐུགས་རྒྱུད་ལ་འཁྲུངས་པའི་མོད་ལ་ངོ་མཚར་བའི་གསུང་དེ་ལྟ་བུ་བྱོན་པ་ནི་མྱ་ངན་ལས་འདའ་ཁར་འབྲས་བུ་སངས་རྒྱས་ཀྱི་གོ་འཕང་མངོན་དུ་མཛད་པའི་ཐུན་མོང་མ་ཡིན་པའི་རྟགས་སུ་ཤེས་པར་བྱ་སྟེ། འདི་ལྟ་བུ་ནི་སྔོན་དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་ཞིང་གཞན་དུ་གཤེགས་པའི་ཚེ་ཏིང་ངེ་འཛིན་ཁྱད་པར་ཅན་ཐུགས་རྒྱུད་ལ་འཁྲུངས་ནས། གསུང་ལས། འདི་འདྲའི་བདེ་བ། མི་འགྱུར་བའི་བདེ་བ། སྟོང་པའི་བདེ་བ། འཛག་མེད་ཀྱི་བདེ་བ་ཞེས་གསུངས་ཏེ། དུས་དེར་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་མངོན་དུ་མཛད་པར་དེ་ཉིད་ཀྱི་རྣམ་ཐར་རྣམས་ལས་འབྱུང་བ་དང་མཚུངས་པ་ཉིད་ཡིན་ནོ། །དེ་ནས་མྱ་ངན་ལས་འདའ་བའི