[A:༡༤༡ན]ཚུལ་སྟོན་པའི་ཚེ་ཐུགས་དམ་གྱི་ངང་ནས་ཕྱག་ཕྲེང་རིང་བ་ཕུད་ནས་སྐུ་འཁྲིས་ཀྱི་བང་ཁར་འཇོག་པར་མཛད། ཐུང་བ་ཕྱག་ན་ཡོད་བཞིན་པར་དམ་རྫས་རིལ་བུ་ཅུང་ཟད་ཅིག་གསོལ། ཡུད་པ་ཞིག་མཉམ་བཞག་མཛད་དེ། གཟོད་ཕཊ྄་ཅེས་པའི་སྒྲ་ཆེ་བ་གཉིས་དང་། ཡང་ཕཊ྄་ཀྱང་གསུངས་པ་འདྲ་བ། ཧིཀ་ཀྱང་གསུངས་པ་འདྲ་བ་ཆུང་ངུ་ཞིག་གསུངས་པའི་མོད་ལ་སྐུ་འཁྲུག་ཙམ་དང་དབུ་སྐྱོད་ཙམ་ཞིག་མཛད་དེ་ཚེག་སྒྲ་ཆེ་བ་དང་བསྟུན་དབུ་ལས་རླངས་པ་སྐྱ་བུན་པ་དང་བཅས་ཏེ་འདའ་ཁ་མའི་གདམས་པ་ཟབ་མོ་གསལ་འདེབས་པར་མཛད་པའི་སྒོ་ནས། དགུང་ལོ་བདུན་ཅུ་དོན་བདུན་བཞེས་པ་ཟླ་བ་ལྔ་པའི་ཉེར་གཅིག་ལ་དབེན་གནས་བསམ་གཏན་ཕུག་ནས་མཁའ་སྤྱོད་ཆེན་པོ་འོག་མིན་དུ་གཤེགས་པའི་ཚུལ་བསྟན་ཏོ། །དེ་མ་དག་སྐུ་འཁོར་བ་རྣམས་ཀྱིས་དབུ་ལ་བལྟས་པས། སྔར་ནས་འཕོ་བ་འབྱོངས་པའི་རྟགས་དབུ་གཙུག་ཏིང་སྒོང་ཤམ་མའི་ཚད་ཙམ་ཞིག་འབུར་པོར་ཡོད་པའི་དབུས་དེར་བུག་པ་ཟངས་ཐལ་དུ་དོད་པའི་ནང་ནས་རྩ་སྦུབས་སྟོང་སྦོམ་ཕྲ་སྙུག་མ་འབྲིང་པོ་ཙམ་གྱི་ཚད་ཙམ་ཞིག་རྒྱངས་གྱིས་འཐོན་པ་ལ་བྱང་སེམས་ཀྱི་ཟིལ་པ་ཉེལ་ལེ་བ་དང་བཅས་འདུག་པ་དེར་ཡོད་ཀུན་གྱིས་མཐོང་བར་གྱུར་ཏོ། །དེ་དང་དུས་མཚུངས་པར་འཇའ་དཀར་པོ་རས་ཡུག་བརྐྱངས་པ་འདྲ་བའི་མཐའ་འཇའ་སྔོན་པོས་རྒྱན་པ་ཞིག་གཟིམ་ཕུག་གི་ཐད་ནས་བྱུང་སྟེ་བར་སྣང་ལ་ཡལ་སོང་བ་སྐལ་ལྡན་འགའ་རེས་མཐོང་བ་བྱུང་འདུག་པ། འདི་ལྟ་བུ་ནི་སྔོན་པཎ་ཆེན་ག་ཡ་དྷ་ར་འཕོ་བའི་རྣལ་